འཇིགས་སུ་རུང་བའི་རླུང་འཚུབ་དེ་ནི་ཨོ་སི་ཁྲུ་ལི་ཡའི་ལོ་རྒྱུས་ནང་རླུང་འཚུབ་ཤུགས་ཆེ་ཤོས་དེ་ཆགས་ཡོད་པ་དང་། རླུང་འཚུབ་དེ་མི་ ༦༦ བསད་པས་མ་ཚད། ཁྱོན་མི་གྲངས་ ༦༠༠ ལས་བརྒལ་བར་རྨས་སྐྱོན་ཕོག་ཡོད།
རླུང་འཚུབ་དེས་གྲོང་ཁྱེར་དེར་ཡོད་པའི་སྡོད་ཁང་བརྒྱ་ཆ་ ༨༠ ཙམ་གཏོར་སྐྱོན་དང་བཏང་ཡོད་པ་དང་། གཏོར་སྐྱོན་བཏང་བའི་སྡོད་ཁང་དང་རྒྱུ་ནོར་དེ་དག་ནི་དེང་སང་གི་མ་གནས་ལྟར་ན་ཁྱོན་ཨ་སྒོར་ཐེར་འབུམ་ ༤ ཙམ་ཟིན་གྱི་ཡོད།
SBS གསར་ཁང་གིས་རླུང་འཚུབ་དེའི་ཁྲོད་ནས་གསོན་པོར་གནས་ཡོད་པའི་མི་ཁག་ཅིག་ལ་བཅར་འདྲི་བྱས་ཡོད་པ་རེད།
སྐབས་དེར་རླུང་འཚུབ་རྒྱག་སྐབས་ས་གནས་ལ་དངོས་སུ་ཡོད་པའི་བུད་མེད་དེས་སྐབས་དེར་སྐད་སྒྲ་གཏིང་རིང་པོ་ཞིག་དང་། སྒྲ་ཧ་ཅང་ཆེན་པོ་ཞིག་གྲགས་སོང་ཟེར།
ཡང་བུད་མེད་གཞན་ཞིག་གིས་དྲག་ཆར་དང་རླུང་འཚུབ་དེ་ཧ་ཅང་འཇིགས་སུ་རུང་བ་ཞིག་རེད་འདུག ངས་ཡང་བསྐྱར་རླུང་འཚུབ་དེ་ལྟར་བུའི་སྐད་གྲགས་ཞིག་གོ་འདོད་མི་འདུག ག་ས་ག་ནས་ཆར་པ་ཡོང་གི་འདུག སྒེའུ་ཁུང་གི་ཤེལ་སྒོ་ཚང་མ་བཅགས་སོང་། ཁང་པའི་ནང་ཆུ་འཁྱིལ་བ་དང་ཁང་པའི་མཐའ་སྐོར་ཚང་མ་ཆུས་ཁེངས་འདུག་ཅེས་འགྲེལ་བརྗོད་གནང་སོང་།
ཁོང་གིས་དཀོན་མཆོག་གིས་མཁྱེན་གནས་ཚུལ་ག་རེ་ཆགས་པ་རེད་བསམས་སོང་། དེ་ནི་འབར་རྫས་ཤིག་གས་བ་དང་གཅིག་པ་རེད་འདུག་ཟེར།
ཁོང་གིས་མི་སུ་ཞིག་གིས་ཀྱང་ཆུ་ཚོད་ ༦ ནང་གྲོང་ཁྱེར་དེ་གཏོར་བཤིག་གཏོང་གི་རེད་བསམས་པའི་ཡིད་ཆེས་མེད། དེ་འདྲ་མི་སྲིད་པ་ཞིག་རེད་བསམས་ཀྱང་གནས་ཚུལ་དེ་འདྲ་ཆགས་པ་རེད་ཅེས་འགྲེལ་བརྗོད་གནང་།
དུས་རབས་ཕྱེད་ཀ་ཙམ་གྱི་གོང་ཡི་ཤུའི་འཁྲུངས་སྐར་དུས་ཆེན་གྱི་ཉིན་མོ་དེར་ཨོ་སི་ཁྲུ་ལི་ཡའི་ཡའི་ཡང་རྩེར་ཆགས་པའི་གྲོང་ཁྱེར་ཞིག་གི་སྣང་བརྙན་གློ་བུར་དུ་གཏོར་བཤིག་བཏང་བ་དེས་རྒྱལ་ཁབ་ཀྱི་ས་གནས་གཞན་རྣམས་ཧོན་འཐོར་དུ་བཅུག་པ་རེད།
ལོ་ན་ ༨༩ སོན་པའི་རྨོ་རྨོ་ཁེ་སཱ་རེ་ནཱ་གྷོ་ཛ་ཌེ་ Cesarina Gonzadi ལགས་ཡི་ཤུའི་འཁྲུངས་སྐར་དུས་ཆེན་ཉིན་གྲོང་ཁྱེར་ཌ་ཝན་དུ་ཧ་ཅང་སྤྲོ་སྣང་སྐྱེས་བཞིན་ཡོད།
ཁོ་མོས་ང་ཚོ་གནས་སྡོད་བྱེད་ས་དེར་སྲང་ལམ་དུ་ཁ་ལག་བཟོ་བ་དང་། ཁྱིམ་ཚང་ཚང་མས་ཁ་ལག་མི་འདྲ་བ་རེར་བཟོ་བ་དང་། ང་ལ་མཚོན་ན་ང་ལི་དབྱི་ཊ་ལི་ན་ནས། ངས་ངའི་ཕ་ཡུལ་གྱི་ཁ་ལག་བཟོ་བཞིན་ཡོད་ཞེས་གསུངས་འདུག
ལོ་ངོ་ ༥༠ གོང་རླུང་འཚུབ་ཀྱིས་གཏོར་སྐྱོན་བཏང་སྐབས། གྲོང་ཁྱེར་དེར་གནས་སྡོད་བྱེད་མཁན་ཁྱོན་མི་གྲངས་འབུམ་ ༥ མ་ཟིན་ཙམ་ཡོད་པས་ཚང་མའི་སྡོད་གནས་ཡོངས་སུ་གཏོར་སྐྱོན་བཏང་ཡོད་པ་རེད།
སྐབས་དེར་རྨོ་རྨོ་ཁེ་སཱ་རེ་ནཱ་ Cesarina ཡི་བུ་ཨེ་མེ་ལོ་གྷོན་ཛ་ཌེ་ Emilio Gonzadi ལོ་ ༦ ཡིན་པ་རེད།
ཁོང་གིས་སྐབས་དེར་ཁོང་གི་ཨ་ཕས་དྲག་ཆར་གྱི་གཏོར་སྐྱོན་བཏང་བའི་ཁང་པའི་ཐོག་ཁ་ཨི་ཁུང་རྣམས་བསྐྱར་གསོ་བྱས་པ་རབ་རིབ་ཙམ་དྲན་སོས་ཀྱི་ཡོད་འདུག
ཨན་ཌོར་ཌེ་མེ་ཋེ་རོ་ Andrew Demetriou ནི་སྐབས་དེར་ལོ་ན་ ༡༩ ཡིན་པ་རེད། ཁོང་ཁོང་གི་གྲོགས་པོ་དང་ལྷན་དུ་ཡི་ཤུའི་འཁྲུངས་སྐར་དུས་ཆེན་གྱི་སྔ་ཉིན་དགོང་མོར་ཕྱིར་ལ་འཁྱམ་འཁྱམ་ཕྱིན་པ་རེད། ཕྱི་ཉིན་ཞོགས་པ་ཕྱིར་ནང་ལ་ལོག་སྐབས་དཀའ་ལས་ཁག་ཤོས་ཀྱི་གནས་སྟངས་ཤིག་ཆགས་ཚར་ཡོད་པ་རེད།
ངས་ང་ཚོའི་ཁང་པ་མཐོང་ཐུབ་ཀྱི་འདུག་ཀྱང་གྱང་ཁ་ཤས་ཤིག་ལངས་ནས་བསྡད་འདུག་པ་ལས་གཞན་ཁང་པ་ཚང་མ་མེད་པ་ཆགས་ཚར་འདུག ང་རང་དངངས་སྐྲག་སྐྱེས་བྱུང་། ང་ཁང་པའི་ནང་ལ་ཡར་རྒྱུགས་སོང་དུས་ངའི་ཨ་མ་དང་། པ་ལགས། ད་དུང་ངས་གཅེན་གཅུང་རྣམས་རྙེད་ཀྱི་མི་འདུག ང་དངངས་འཚབ་ཀྱི་ཁྲོད་དུ་ལྷག་སོང་། དེ་ནི་ངའི་མི་ཚེའི་ནང་ཤུགས་རྐྱེན་ཆེ་ཤོས་ཤིག་ཆགས་པ་རེད་ཅེས་འགྲེལ་བརྗོད་གནང་འདུག
རླུང་འཚུབ་དེ་ནི་ཨོ་སི་ཁྲུ་ལི་ཡའི་ལོ་རྒྱུས་ནང་རླུང་འཚུབ་ཤུགས་ཆེ་ཤོས་ཤིག་ཡིན་པ་བཤད་མི་ཐུབ་ཀྱང་། རླུང་འཚུབ་དེ་གྲོང་ཁྱེར་ཌ་ཝན་བརྒྱུད་ནས་བརྒྱབ་པའི་རྐྱེན་གྱིས་ཌ་ཝན་གྲོང་ཁྱེར་དེ་ཡོངས་སུ་གཏོར་བཤིག་ཚབ་ཆེན་བཏང་ཡོད་པ་རེད།
རླུང་འཚུབ་དེས་རླུང་འཚུབ་ཚད་འཇལ་ཡོ་ཆས་གཏོར་བསྐྱོན་མ་བཏང་གོང་གི་ཟིན་ཐོ་ལྟར་ན། གནམ་གཤིས་ལས་ཁུངས་ཀྱིས་སྐབས་དེའི་རླུང་འཚུབ་དེའི་མགྱོག་ཚད་ནི་ཆུ་ཚོད་རེར་སྤྱི་ལེ་ ༢༡༧ ཡིན་པའི་ཟིན་ཐོ་ནང་འཁོད་ཡོད་འདུག