བོད་སྟོད་དིང་རི་ཁུལ་དུ་ས་ཡོམ་བརྒྱབ་ནས་མི་མང་པོ་ཤི་རྨས་བྱུང་བའི་གནས་ཚུལ་ཐོན་འདུག

Earthquake in Tibet.jpg

ཁ་སང་ཕྱི་ཚེས་ ༧ ཉིན་གྱི་ཞོགས་པ་ཆུ་ཚོད་ ༩ པ་ཙམ་གཞིས་རྩེ་ཁུལ་སྟོད་དིང་རི་རྫོང་དང་། ངམ་རིང་རྫོང་། ལྷ་རྩེ་རྫོང་ཁོངས་སུ་ས་ཡོམ་ཤུགས་ཚད་ ༧.༡ ཙམ་ཞིག་བརྒྱབ་ནས་མི་རྒྱུ་གཉིས་ལ་གནོད་འཚེ་ཤུགས་ཆེ་ཐེབས་ཡོད་པའི་གནས་ཚུལ་ཐོན་ཡོད།


ས་ཡོམ་དེས་རྐྱེན་པས་ཡོངས་གྲགས་སུ་ད་བར་ཉུང་མཐར་མི་གྲངས་ ༡༢༦  རྐྱེན་འདས་དང་ ༡༩༠ ལ་རྨས་སྐྱོན་ཐེབས་ཡོད་པ་དང་། ཁང་པ་ ༣༦༠༩ ལྷག་ལ་རྡིབ་སྐྱོན་བྱུང་ཡོད་སྐོར་གསལ་འདུག་ཀྱང་། མི་ཤི་རྨས་གྱི་གྲངས་འབོར་རིམ་བཞིན་འཕར་བཞིན་ཡོད་འདུག ས་གནས་ནས་བོད་མི་ཞིག་གིས་འགྲེལ་བརྗོད་གནང་བར་ལྟར་ན། ཁྱིམ་ཚང་ ༤༠ ཙམ་ཡོད་པའི་གྲོང་ཚོ་གཅིག་གི་ནང་ལ་མི་ ༦༠ ཙམ་འདས་གྲོངས་སུ་ཕྱིན་ཚར་ཡོད་སྐོར་བརྗོད་བྱུང་།

ས་ཡོམ་ཤུགས་ཆེ་ཤོས་དེ་ཞོགས་པ་ཆུ་ཚོད་ ༩ དང་སྐར་མ་ ༡༠ ཙམ་ལ་བརྒྱབ་ཡོད་ཀྱང་། ཐོ་རངས་ཆུ་ཚོད་ ༦ པ་ཙམ་ལ་ཡང་ས་ཡུལ་ཤུགས་ཚད་ཆུང་ཆུང་ཞིག་བརྒྱབ་ཡོད་འདུག ས་ཡོམ་དང་མཉམ་དུ་རླུང་འཚུབ་འཇིག་སུ་རུང་བ་སྡང་བ་དེས་ཀྱང་མི་སྣ་ཤི་རྨས་དང་། སྡོད་ཁང་གཏོར་བཤིག་ཚབ་ཇེ་ཆེར་བཏང་ཡོད་འདུག

རྒྱ་ནག་གཞུང་གིས་ཐེངས་འདིའི་ས་ཡོམ་དེའི་ཤུགས་ཚད་ ༦་༨ ཡིན་སྐོར་བརྗོད་ཡོད་ཀྱང་། ཨ་རིའི་ས་ཡོམ་བརྟག་དཔྱད་ལས་ཁུངས་ USGS སོགས་ས་ཡོམ་བརྟག་དཔྱད་ཚོགས་སྡེ་གཞན་ཁག་ཅིག་གིས་ཐེངས་འདིའི་ས་ཡོམ་དེའི་ཤུགས་ཚད་ ༧་༡ ཡིན་སྐོར་བརྗོད་འདུག ཐེངས་འདིའི་ས་ཡོམ་དེ་བལ་ཡུལ་དང་། རྒྱ་གར། བྷང་ལ་དྷེ་ཤི་སོགས་བོད་ཀྱི་ས་མཚམས་ཁག་ཅིག་ལའང་ཤུགས་རྐྱེན་ཐེབས་ཡོད་འདུག

བོད་ནང་ས་ཡོམ་གྱི་གནོད་འཚེ་ཕོག་རྗེས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ས་ཡོམ་གྱི་གནོད་འཚོ་ཕོག་མི་མི་མང་རྣམས་ལ་གདུང་སེམས་མཉམ་སྐྱེད་ཀྱི་གསུང་འཕྲིན་ཞིག་བསྐུར་གནང་འདུག གསུང་འཕྲིན་དེའི་ནང་། “ད་ནངས་སྔ་དྲོ་དིང་རི་གཙོས་ས་གནས་ཁག་ཅིག་ཏུ་ས་འགུལ་བྱུང་བ་ལ་བརྟེན་ནས་ཤི་རྨས་དང་ཁང་ཁྱིམ་ལ་གཏོར་བཤིག་ཚབས་ཆེར་ཐེབས་པའི་གནས་ཚུལ་ཐོས་ཏེ་བློ་ཕམ་ཆེན་པོ་བྱུང་། རྐྱེན་འདས་སུ་སོང་བ་རྣམས་ལ་བསྔོ་སྨོན་དང་། རྨས་སྐྱོན་བྱུང་བ་རྣམས་གང་མྱུར་དྲག་སྐྱེད་ཡོང་བའི་སྨོན་འདུན་ཡོད་”ཅེས་གསུངས་གནང་འདུག

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ ཕྱི་ལོ་ ༢༠༢༥ ཟླ་བ་ ༡ ཚེས་ ༧ ཉིན་གྱི་ཞོགས་པ་བོད་ཀྱི་སྟོད་དིང་རི་ས་ཁུལ་གཙོས་ས་གནས་ཁག་འགའ་ཤས་ལ་ས་ཡོམ་ཤུགས་ཚད་རིམ་པ་ ༧.༡ བརྒྱབ་སྟེ་ད་ལྟའི་ཆར་མི་གྲངས་བརྒྱ་ཕྲག་བརྒལ་བ་རྐྱེན་འདས་དང་རྨས་སྐྱོན་ཕོག་པ། དེ་བཞིན་ཁང་ཁྱིམ་གཏོར་བཤིག་ཚབས་ཆེ་བྱུང་བ་དང་། དགུན་དུས་ཀྱི་གྲང་ངར་ཆེ་བའི་སྐབས་དེར་ཟས་གོས་གནས་མལ་སོགས་ཀྱི་དཀའ་ངལ་འཕྲད་བཞིན་ཡོད་པའི་གནས་ཚུལ་གསར་འགྱུར་བརྒྱུད་ལམ་དུ་ཐོན་པར་ཡིད་སྐྱོ་བློ་ཕམ་ཚད་མེད་བྱུང་།

རྐྱེན་འདས་སུ་གྱུར་བ་རྣམས་ལ་བོད་མིའི་མགོན་སྐྱབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་རིས་མེད་ཆོས་བརྒྱུད་ཁག་གི་བསྟན་བདག་བླ་ཆེན་རྣམ་པས་བསྔོ་སྨོན་མཛད་བཞིན་ཡོད་ལ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་རྐྱེན་འདས་སུ་སོང་བ་རྣམས་འཕགས་མཆོག་འཇིག་རྟེན་མགོན་པོས་རྗེས་སུ་བཟུང་བའི་བསྔོ་སྨོན་སྐྱབས་ཞུ་དང་། རྗེས་ཤུལ་ནང་མི་རྣམས་ལ་ཐུགས་གསོ་ཞུ་བ་དང་སྦྲགས། རྨས་སྐྱོན་ཕོགས་པའི་རང་རིགས་རྣམས་ལ་སྨན་བཅོས་ཀྱི་མཐུན་རྐྱེན་ཡོང་ཐབས་དང་། དེ་དག་མགྱོགས་ནས་མྱུར་དུ་དྲག་སྐྱེད་ཡོང་བའི་སྨོན་འདུན་ཞུ་རྒྱུ་མ་ཟད། སྡོད་ཁྱིམ་སོགས་ཀྱི་དཀའ་ངལ་ལས་གྲོལ་བའི་མཐུན་འགྱུར་ཡོང་བ་སྤྱི་སྒེར་ཡོངས་ལ་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་གསལ་བསྒྲགས་སྤེལ་འདུག

གཞན་ཡང་རྒྱ་གར་དང་། ཨ་རི། ཧྥ་རན་སི། ཐའེ་ཝན། ར་ཤི་ཡ་སོགས་འཛམ་གླིང་གི་རྒྱལ་ཁབ་ཁག་གི་དབུ་ཁྲིད་དང་། གཞུང་འབྲེལ་མི་སྣ་བཅས་ནས་བོད་ནང་གི་ས་ཡོམ་གོད་ཆགས་ལ་གདུང་སེམས་མཉམ་སྐྱེད་དང་། རོགས་སྐྱོར་གནང་རྒྱུ་ཡིན་སྐོར་སོགས་གསུངས་གནང་འདུག

ཁ་སང་ས་ཡོམ་གྱི་གནོད་འཚེ་ཕོག་རྗེས། བོད་ནང་གི་དྲ་གྲགས་མང་པོ་ཞིག་དང་། ཚོང་པ། གཞས་པ་གཞས་མ་སོགས་སྤྱི་ཚོགས་ནང་ཤུགས་རྐྱེན་ཆེ་བའི་མི་སྣ་མང་པོ་ཞིག་གིས་ཞལ་འདེབས་ཕོན་ཆེན་རྒྱག་བཞིན་འདུག་ལ། ལྷག་པར་དུ་ཁོང་ཚོ་མང་པོ་ཞིག་གནོད་འཚེ་ཐེབས་ས་ཡུལ་དངོས་ལ་བསྐྱོད་ནས། གནོས་འཚེ་ཐེབས་པའི་མི་མང་རྣམས་ལ་ཉལ་ཆས་དང་། སྡོད་གུར། བཟའ་བཅའ་རིགས་རླངས་འཁོར་མང་པོ་བསྐྱལ་དང་སྐྱེལ་བཞིན་པ་རེད་འདུག


Share