རྒྱལ་སྤྱི་ཉེས་དོན་ཁྲིམས་ཁང་གིས་འབར་མའི་དྲག་དམག་གཞུང་གིས་འབར་མའི་ནང་ཡོད་པའི་རོ་ཧེན་ཇཱ་ཁ་ཆེ་གྲངས་ཉུང་མི་རིགས་ཚོར་མི་ཆོས་ལས་འདས་པའི་སྡུག་སྦྱོང་མནར་གཅོད་ཀྱི་ནག་ཉེས་བསགས་ཡོད་པའི་ཉེས་འཛུགས་བྱས་ཡོད་འདུག
རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གི་ཁྲིམས་དཔོན་གྱིས་འབར་མའི་དྲག་པོ་དམག་གཞུང་གི་འགོ་ཁྲིད་མེན་ཨང་ཧ་ལང་ Min Aung Hlaing གིས་སྣེ་ཁྲིད་འོག་ཁ་ཆེར་གྲངས་ཉུང་མི་རིགས་རོ་ཧེན་ཇཱ་རྣམས་ལ་དྲག་གནོན་མནར་གཅོད་འོག ཁོང་ཚོ་བྷང་ལ་དྷེ་ཤིའི་ནང་སྐྱབས་བཅོལ་དུ་འགྲོ་དགོས་པའི་གནས་སྟངས་བཟོས་ཡོད་པའི་ནག་ཉེས་བསགས་ཡོད་པ་རེད་ཅེས་འགྲེལ་བརྗོད་གནང་འདུག
འདས་པའི་ལོ་ངོ་ལྔ་ཙམ་གྱི་རིང་ཞུ་གཏུགས་དང་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་ནས་ཞིབ་དཔྱོད་བྱས་རྗེས། རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གི་ཁྲིམས་དཔོན་ཆེན་མོ་ནས། ཉེས་དོན་ཁྲིམས་ཁང་གི་ཆིངས་དོན་ཡོད་པའི་རྒྱལ་སྤྱིའི་རྒྱལ་ཁབ་ཁག་གིས་འབར་མའི་དྲག་པོ་དམག་གཞུང་གི་འགོ་ཁྲིད་འཛིན་བཟུང་བྱེད་དགོས་པའི་བཀོད་ཁྱབ་བཏང་འདུག
འདི་ནི་འབར་མའི་གཞུང་གི་མཐོ་རིམ་འགོ་ཁྲིད་འཛིན་བཟུང་བྱེད་དགོས་པའི་ངའི་ལས་ཁུངས་ནས་བཀོད་མངགས་ཆེས་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད། གནས་ཚུལ་ཞིབ་ཕྲལ་རྗེས་ནས་མཇུག་སྐྱོང་བྱ་རྒྱུ་ཡིན་ཞེས་བརྗོད་འདུག
ཁྲིམས་དཔོན་ཆེན་མོ་ཀཱ་རེམ་ཁན་ Karim Khan ལགས་ཀྱིས་དེ་སྔོན་ཕྱི་ལོ་ ༢༠༡༦ དང་ ༢༠༡༧ སྐབས་སུ་འབར་མའི་ནང་རཱ་ཁེ་ནེ་ Rakhine མངའ་སྡེའི་ནང་དྲག་པོའི་དུས་ཟིང་བྱུང་བའི་སྐབས་སུ་གནས་སྟངས་དང་། དེ་ནས་རོ་ཧེན་ཇཱ་རྣམས་འབར་མ་ནས་བྷང་ལ་དྷེ་ཤིའི་ནང་བྲོས་བྱོལ་དུ་འགྲོ་དགོས་པའི་བྱུང་བའི་ཉེས་དོན་བཅས་ལ་ཞིབ་དཔྱོད་བྱས་ཡོད་ཅེས་འགྲེལ་བརྗོད་གནང་འདུག
རོ་ཧེན་ཇཱ་དམག་གིས་འབར་མའི་ནང་ཉེན་རྟོག་ལས་ཁུངས་ ༣༠ ཙམ་ལ་རྒོལ་རྡུང་བཏང་ནས་ཕྱི་ལོ་ ༢༠༡༧ ལོར་འབར་མའི་གཞུང་དམག་གིས་རོ་ཧེན་ཇཱ་མི་རིགས་ཐོག་དྲག་གནོན་བྱས་ཡོད་པ་རེད།
སྐུ་ཞབས་ཁཱན་ལགས་ཀྱིས་དཔང་རྟགས་བསྡུ་རུབ་བྱས་པ་ཁག་ལ་ཞིབ་ཚགས་བསྐྱར་ཞིབ་བྱས་རྗེས་ཁོང་གི་ལས་ཁུངས་ཀྱིས་མཐའ་མའི་སྡོམ་ཚིག་བཀོད་པ་རེད་ཅེས་བཤད་འདུག
ཁོང་གིས་སྐབས་དེའི་འབར་མའི་དམག་སྤྱི་རྒན་པ་དང་ལག་ལྟར་སྲིད་འཛིན་མེན་ཨང་ཧ་ལང་ Min Aung Hlaing ནི་འབར་མའི་རྒྱལ་སྲུང་ལྷན་ཁང་གི་བཀའ་བཀོད་པ་ཆགས་ཀྱི་ཡོད་པས་ཁོང་ལ་རོ་ཧེན་ཇཱ་མི་རིགས་དམར་གསོད་དང་ཕྱིར་འབུད་བྱས་པའི་ནག་ཉེས་འགན་འཁུར་ཡོད་པ་རེད།
མ་ཚད་ཕྱི་ལོ་ ༢༠༡༧ ཟླ་ ༨ ཚེས་ ༢༥ ནས་ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༣༡ བར་འབར་མའི་ཉེན་རྟོག་པ་དང་། ས་མཚམས་ཉེན་རྟོག་དམག དེ་བཞིན་རོ་ཧེན་ཇཱ་མ་ཡིན་པའི་མི་མང་བཅས་ཀྱི་གཞོག་འདེགས་འོག རོ་ཧེན་ཇཱ་རྣམས་བྷ་ལ་དྷེ་ཤིར་བཙན་ཕུད་བཏང་ཡོད་པའི་ནག་ཉེས་བསགས་ཡོད་པ་རེད་ཅེས་འགྲེལ་བརྗོད་གནང་འདུག
མ་ཚད་དེ་སྔོན་མཉམ་འབྲེལ་རྒྱལ་ཚོགས་ནས་ཀྱང་། འབར་མའི་དམག་གཞུང་གིས་བྱེད་བབས་དེ་ནི་མི་རིགས་སྡེབ་གསོད་དང་མི་རིགས་གཙང་སེལ་གྱི་ལག་བསྟར་ཞིག་ཆགས་ཀྱི་ཡོད་སྐོར་འགྲེལ་བརྗོད་བྱས་ཡོད།
དེ་སྔོན་འབར་མའི་ནང་དམག་མི་དང་། ཉེན་རྟོག་པ། ནང་པ་བཅས་ཀྱིས་རཱ་ཁེ་ནི་མངའ་སྡེའི་ནང་ཁ་ཆེ་རོ་ཧེན་ཇཱ་མི་རིགས་གནས་སྡོད་བྱས་ཡོད་པའི་ས་ཁུལ་གྲོང་གསེབ་བརྒྱ་ཕྲག་མང་པོའི་ནང་། རྡུང་སྡེབ་དང་། མི་མང་སྡེབ་གསོད། བཙན་གཡེམ་སོགས་བྱས་པའི་རྐྱེན་གྱིས་ཁ་ཆེ་རོ་ཧེན་ཇཱ་མི་མང་ས་ཡ་གཅིག་ཙམ་བྲོས་བྱོལ་དུ་འགྲོ་དགོས་བྱུང་ཡོད་པ་རེད།
སྐུ་ཞབས་ཀཱ་རེམ་ཁན་གྱིས་ Karim Khan ཞུ་གཏུགས་དེ་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་ནས་ཞིབ་དཔྱོད་བྱེད་པར། ངེས་པར་དུ་ཁྲིམས་དཔོན་ཆེན་མོ་གསུམ་གྱིས་གནད་དོན་འགྲོ་ལུགས་ཤེས་རྟོགས་བྱེད་དགོས་ཀྱི་ཡོད་པ་རེད།
ལོ་མང་རིང་འབར་མ་ནི་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་ལ་མིང་རྟགས་བཀོད་མཁན་ཞིག་མིན་པས་ཁྲིམས་གཏུགས་བྱེད་མི་སྲིད་པར་བསམ་གྱི་ཡོད། དེ་བཞིན་རའོ་ཊར་གསར་འགྱུར་ལས་ཁང་ལ་གློག་འཕྲིན་བཏང་བའི་ནང་། འབར་མའི་དམག་གི་ཚོགས་པ་ཇུན་ཏ Junta ཡིས་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གི་གསལ་བསྒྲགས་དེ་ལ་ངོས་ལེན་མེད། གང་ཡིན་ཟེར་ནི་འབར་མ་ནི་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གི་ཚོགས་མི་མ་རེད་ཅེས་བརྗོད་འདུག