ལས་ཀ་སྟབས་བདེ་བཀོད་སྒྲིག་ནི་རྣམ་པ་སྣ་ཚོགས་ཡོད་པ་དང་། དེ་ནི་མི་མང་ཆེ་བའི་དེ་ནང་ལ་སྡོད་ནས་ལས་ཀ་བྱེད་ཐབས་དང་ཡང་ན་རྒྱང་རིང་ནས་ལས་ཀ་བྱ་རྒྱུ་སོགས་ལ་གོ་བཞིན་ཡོད། མ་ཚད་དུས་ཚོད་ལ་བསྟུན་ནས་ལས་ཀ་བཀོད་སྒྲིག་དང་། མཉམ་ལས་བྱེད་པ་སོགས་བདམ་ག་མང་པོ་ཞིག་ཡོད་པ་རེད་ཅེས་གསུངས་འདུག
ཌོ་ཊར་མེ་ལེ་སཱ་ Dr Melissa Wheeler ལགས་ནི་ RMIT གཙུག་ལག་སློབ་གཉེར་ཁང་གི་ཚོང་ལས་འཛིན་སྐྱོང་གི་ཆེད་ཁྲིད་སློབ་དཔོན་རྒན་པ་ཞིག་རེད།
ཁོ་མོས་ལས་ཀ་སྟབས་བསྟུན་བཀོད་སྒྲིག་དེ་དེ་སྔོན་ ༢༠༢༠ ཡི་གོང་ནས་དར་སྲོལ་བྱུང་ཡོད་ཀྱང་། ཏོག་དབྱིབས་ན་ཚ་ཁྱབ་ནས་ཁྱིམ་སྡོད་བཀའ་རྒྱ་བསྡམས་རྗེས་དམིགས་བསལ་གྱི་མངོན་གསལ་དོད་དུ་ཕྱིན་པ་རེད་ཅེས་གསུངས་འདུག
ཁོ་མོས་སྦྱིན་བདག་ཚོར་འདོད་མོས་ཡོད་མེད་ལ་མ་བལྟོས་པར་ལས་མི་ཚོས་སྟབས་བསྟུན་ལས་ཀ་འཚོལ་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་སྐོར་བརྗོད་འདུག
ཁོ་མོས་སྦྱིན་བདག་ཚོས་ལས་མིར་ནང་ལ་སྡོད་ནས་ཐག་རིང་ནས་ལས་ཀ་བྱ་རྒྱུར་བཀོད་སྒྲིག་བྱེད་ཐུབ། ལས་ཀ་བྱེད་ས་ཡུལ་དངོས་ལ་མེད་ཀྱང་ཁོང་ཚོས་ལ་ཀ་བྱེད་ཐུབ་པ་མང་པོ་ཡོད། ནང་ལ་སྡོད་ནས་ལས་ཀ་བྱ་རྒྱུར་རེ་བ་རྒྱག་མཁན་ཇེ་མང་དུ་འགྲོ་བཞིན་ཡོད། ང་རང་སོ་སོར་ཆ་བཞག་པ་ཡིན་ནའང་ནང་ལ་སྡོད་ནས་ལས་ཀ་བྱེད་ཐུབ་པ་མང་པོ་ཞིག་འདུག དེའི་ཐོག་ནས་ཕྲུ་གུ་བསུ་ལེན་བྱེད་ཐུབ་པ་སོགས་ཁེ་ཕན་མང་པོ་ཞིག་ཡོང་གི་ཡོད་ཅེས་གསུངས་འདུག
ཌོ་ཊར་ཝེ་ལར་ལགས་ཀྱིས་ཨོ་སི་ཊོ་ལི་ཡའི་ཁྱོན་དུ་ལས་ཀ་སྟབས་བསྟུན་བཀོད་སྒྲིག་དེ་དགོས་མཁནདཔེར་ན་མི་གཞན་དག་ལྟ་སྐྱོང་བྱེད་མཁན་དང་། དབང་པོ་སྐྱོན་ཅན། ས་ཁུག་ལུང་ཁུག་ཏུ་སྡོད་མཁན། ད་དུང་ཕྲུ་གུ་ཡོད་མཁན་སོགས་མང་པོ་ཞིག་ལ་དགོས་མཁོ་དང་ཕན་ཐོགས་ཆེན་པོ་ཡོད་པ་རེད་ཅེས་གསུངས་འདུག
སི་ཝན་བྷུར་ནེ་གཙུག་ལག་སློབ་གཉེར་ཁང་གི་དོ་དམ་རིག་པའི་དགེ་རྒན་ཆེན་མོ་ཇོན་ཧོ་ཕི་ཁིན་ John Hopkins ལགས་ཀྱིས་ལས་ཀ་སྟབས་བསྟུན་བཀོད་སྒྲིག་དེ་སྦྱིན་བདག་རྣམས་ལ་ཁེ་ཕན་ཡོད་སྐོར་བརྗོད་འདུག
ཁོང་གིས་ཚོགས་པ་ལ་ཆ་མཚོན་ན་ཡང་ལས་ཀ་སྟབས་བསྟུན་བཀོད་སྒྲིག་དེས་ཕྱི་ལོགས་ནས་ཤེས་འཇོན་ལྡན་པའི་མི་སྣ་གང་མང་ཞིག་ལས་ཞུགས་བྱེད་པར་སྟབས་བདེ་བ་དང་ཕན་ཐོགས་ཆེ་བ་ཡོད་པ་རེད་ཅེས་གསུངས་འདུག
དགེ་རྒན་ཆེན་མོ་ཧོ་ཕི་ཁིན་ལགས་ཀྱིས་བདུན་ཕྲག་རེར་ཉིན་གྲངས་ ༥ རེར་ལས་ཀ་བྱེད་པའི་དུས་ཚོད་དེ་ད་ཆ་ཡོལ་ཚར་བ་རེད། མ་ཚད་ད་ལྟའི་ཆར་ལས་ཀ་ཉིན་གང་བྱེད་མཁན་གྱི་བརྒྱ་ཆ་ ༣༠ ལ་མར་ཟག་ཚར་ཡོད་པ་རེད་ཅེས་གསུངས་འདུག