ད་ལྟའི་གནས་སྟངས་ལས་སྔོན་དཔག་བྱས་པར་ལྟར་ན། ལོ་རབས་འདིའི་ལོ་མཇུག་ཏུ་འཛམ་གླིང་ཁྱོན་དུ་ཧ་ལམ་མི་ས་ཡ་ ༥༧༥ ཙམ་དབུལ་ཕོངས་ཀྱི་ཁྲོད་དུ་འཚོ་བ་རོལ་དགོས་འཁེལ་སྲིད་སྐོར་བརྗོད་འདུག དེང་གི་ཆར་འཛམ་གླིང་ཁྱོན་དུ་དབུལ་ཕོངས་ཆགས་མཁན་གྱི་མི་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་ཨོ་སི་ཊོ་ལི་ཡས་རོགས་སྐྱོར་མ་དངུལ་མང་དུ་གཏོང་མ་ཐུབ་པའི་གནས་སྟངས་ལ་སྐད་རྒྱག་མཁན་དང་སེམས་ཁྲལ་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་འདུག
དཔལ་འབྱོར་མཉམ་འབྲེལ་དང་འཕེལ་རྒྱས་ལྟེ་གནས་ཁང་ O-E-C-D གི་ཉེ་ཆར་གྱི་གྲངས་ཐོ་ལྟར་ན། འཛམ་གླིང་གི་ཚོགས་མི་རྒྱལ་ཁབ་ ༣༡ ནང་ཨོ་སི་ཊོ་ལི་ཡ་ནི་རྒྱལ་ཡོངས་ཀྱི་ཡོང་འབབ་ལ་དཔག་པའི་ཕྱི་རྒྱལ་ཁག་ལ་རོགས་སྐྱོར་ཉུང་ཤོས་བྱེད་མཁན་གྱི་རྒྱལ་ཁབ་མཐའ་མ་དེ་ཆགས་ཡོད་སྐོར་གསལ་ཡོད་འདུག
ཨོ་སི་ཊོ་ལི་ཡའི་རྒྱལ་ཡོངས་གཙུག་ལག་སློབ་གཉེར་ཁང་གི་ཆབ་སྲིད་འཕེལ་རྒྱས་ལྟེ་གནས་ཀྱི་ཞིབ་འཇུག་པ་རྒན་པ་ཁེ་མེ་རོན་ཧིལ་ Cameron Hill ལགས་ཀྱིས་ཨོ་སི་ཊོ་ལི་ཡ་ནི་རྒྱལ་ཁབ་གཞན་དག་ལས་ཞལ་འདེབས་མངོན་བསལ་དམའ་བ་ཆགས་ཡོད་སྐོར་གསུངས་འདུག
ཁོང་གིས་དཔལ་འབྱོར་མཉམ་འབྲེལ་དང་འཕེལ་རྒྱས་ལྟེ་གནས་ཁང་ O-E-C-D གི་ཞལ་འདེབས་རྒྱག་མཁན་གྱི་གྲངས་ཐོ་ནང་། དཔལ་འབྱོར་ཕྱུག་པོ་ཡིན་པའི་རྒྱལ་ཁབ་ཁག་གི་རོགས་སྐྱོར་ཞལ་འདེབས་དང་བསྡུར་ན། ཨོ་སི་ཊོ་ལི་ཡ་ནི་འདས་པའི་ལོ་ ༡༠ ཡི་རིང་དུས་ཡུན་རིང་པོར་གནས་རིམ་མར་ཟག་ཡོད་པ་རེད། ཕྱི་ལོ་ ༢༠༢༣ ལོར་རྒྱལ་ཁབ་ ༦༡ ནང་ང་ཚོ་གནས་རིམ་ ༢༦ རེད། ང་ཚོའི་མཐུན་གྲོགས་རྒྱལ་ཁབ་དཔེར་ན་འཇར་པན་དང་། ཁེ་ན་ཌ། ནིའུ་ཛི་ལན་ཌི། དབྱིན་ཡུལ། ཨ་རི་བཅས་ལས་གང་འཚམ་དམའ་བ་ཆགས་ཡོད་པ་རེད་ཅེས་གསུངས་འདུག
ཕྱི་ལོ་ ༢༠༡༣ ནས་ ༢༠༡༤ བར་ཨོ་སི་ཊོ་ལི་ཡས་ཕྱི་རྒྱལ་ལ་རོགས་སྐྱོར་མ་དངུལ་ཨོ་སྒོར་ཐེར་འབུམ་ ༦་༥༦ བྱས་ཡོད་པས་དེ་ནི་ལོ་རྒྱུས་ནང་གྲངས་ཚད་མཐོ་ཤོས་དེ་ཆགས་ཡོད། དེའི་རྗེས་ནས་རོགས་སྐྱོར་མ་དངུལ་ཉུང་འཕྲི་བྱས་པའམ་མུ་མཐུད་གནས་པ་ལས་ཡར་འཕར་མེད་པ་རེད།
ཨོ་སི་ཊོ་ལི་ཡའི་རྒྱལ་ཡོངས་གཙུག་ལག་སློབ་གཉེར་ཁང་གི་དྲ་ཐོག་ནས་ཨོ་སི་ཊོ་ལི་ཡས་རོགས་སྐྱོར་རྟོགས་ཞིབ་ལས་གསལ་བར་ལྟར་ན། ཉེ་བའི་དུས་ཚོད་ནང་ཨོ་སི་ཊོ་ལི་ཡས་རོགས་སྐྱོར་མ་དངུལ་ཇེ་ཉུང་ནས་ཇེ་ཉུང་དུ་བཏང་ཡོད་པ་གསལ་ཡོད་པ་རེད།
ཞིབ་འཇུག་པ་ཌོ་ཊར་ཁེ་མེ་རོན་ཧིལ་ Cameron Hill ལགས་ཀྱིས་ཨོ་སི་ཊོ་ལི་ཡ་ནི་དཔལ་འབྱོར་མཉམ་འབྲེལ་དང་འཕེལ་རྒྱས་ལྟེ་གནས་ཁང་ O-E-C-D ཡི་ཚོགས་མི་རྒྱལ་ཁབ་ ༣༡ ལས་རོགས་སྐྱོར་མ་དངུལ་གཏོང་མཁན་གྱི་ཨང་རིམ་ ༢༦ པ་ཆགས་པ་ནི། ཨོ་སི་ཊོ་ལི་ཡས་རོགས་སྐྱོར་མ་དངུལ་ལ་རྒྱལ་ཁབ་ཀྱི་ཐོན་འབབ་ལས་བརྒྱ་ཆ་ ༠་༡༩ ལས་གཏོང་བཞིན་མེད་སྐོར་བརྗོད་འདུག
ང་ཚོ་ཨོ་སི་ཊོ་ལི་ཡས་ཕྱི་ལོགས་ལ་རོགས་སྐྱོར་མ་དངུལ་གཏོང་བའི་དམིགས་ཚད་ཅིག་བཟུང་ཡོད་པ་རེད། དེ་ནི་རྒྱལ་ཁབ་ཀྱི་མ་དངུལ་ཡོངས་འབབ་ལས་བརྒྱ་ཆ་ ༠་༥ རེད། དམིགས་ཚད་དེ་ཕྱི་ལོ་ ༢༠༡༣ བར་རྒྱུན་འཁྱོང་བྱས་པ་རེད། དེ་ནས་བཟུང་སྟེ་དམིགས་ཚད་ལས་མར་ཆགས་ནས་ཕྱི་ལོ་ ༢༠༡༩ དང་ད་ལྟའི་ཆར་རོགས་སྐྱོར་བརྒྱ་ཆ་ ༠་༡༩ ཡིན་པས་བརྒྱ་ཆ་ ༠་༥ ལས་བར་ཐག་རིང་པོ་གནས་ཡོད་པ་རེད། ང་ཚོས་དམིགས་ཚད་ལ་རྩ་བ་ཉིད་ནས་སླེབས་ཐུབ་ཀྱི་ཡོད་མ་རེད། ཡིན་ན་ཡང་ང་ཚོ་ཕྱིར་བཤོལ་རྒྱག་ནས་འགྲོ་བཞིན་ཡོད་པ་རེད། དཔྱད་བརྗོད་བྱས་མཁན་ཚོས་འགྲེལ་བརྗོད་ལྟར་ན་གལ་སྲིད་ང་ཚོས་གནས་སྟངས་དེ་ཡོང་སྲང་བྱས་མ་ཐུབ་པ་ཡིན་ན་ཕྱི་ལོ་ ༢༠༣༠ ཙམ་ལ་ཨོ་སི་ཊོ་ལི་ཡས་རོགས་སྐྱོང་མ་དངུལ་གཏོང་ཚད་རྒྱལ་ཡོངས་ཐོན་འབབ་ལས་བརྒྱ་ཆ་ ༠་༡༣ ལ་མར་ཆགས་སྲིད་སྐོར་བརྗོད་ཀྱི་ཡོད་པ་རེད་ཅེས་གསུངས་འདུག
ཚང་མའི་ཆེད་འཛམ་གླིང་བདེ་འཇགས་ཞེས་པའི་ལས་འགུལ་དེ་ནི་ཨོ་སི་ཊོ་ལི་ཡའི་འབོད་སྐུལ་ལས་འགུལ་ཞིག་རེད། ལས་འགུལ་དེས་འཛམ་གླིང་བདེ་འཇགས་ཆེད་ཨོ་སི་ཊོ་ལི་ཡའི་དབུ་ཁྲིད་རྣམས་ཀྱིས་ལས་དོན་ལག་བསྟར་བྱེད་དགོས་པའི་འབོད་སྐུལ་བྱེད་ཀྱི་ཡོད་པ་རེད།
ལས་འགུལ་དེ་ཨོ་སི་ཊོ་ལི་ཡའི་རྒྱལ་སྤྱི་བདེ་དོན་ལྷན་ཁང་གིས་འབྲེལ་མཐུད་གནང་བཞིན་པའི་ལས་འགུལ་ཞིག་དང་། ཁོང་ཚོས་གལ་སྲིད་ཨོ་སི་ཊོ་ལི་ཡས་རོགས་སྐྱོར་མ་དངུལ་དེ་ལོ་རྒྱུས་རང་བཞིན་གྱི་དམའ་མོ་མུ་མཐུད་གནས་པ་ཡིན་ན་དེས་མ་འོངས་པར་སྤྱི་ཚོགས་འཕེལ་རྒྱས་དང་བདེ་འཇགས་ལ་དཀའ་ངལ་འཕྲད་སྲིད་སྐོར་བརྗོད་འདུག
ཨོ་སི་ཊོ་ལི་ཡའི་རྒྱལ་ཡོངས་གཙུག་ལག་སློབ་གཉེར་ཁང་གི་སྤྱི་ཚོགས་སྲིད་བྱུས་དང་འཕེལ་རྒྱས་ཞིབ་འཇུག་སྐོར་འཆད་ཁྲིད་དགེ་རྒན་ཆེན་མོ་དྷུ་ཧན་ཊི་ Dulhunty ཡིས་འགྲེལ་བརྗོད་གནང་དོན།
ཁྱེད་ཀྱི་རོགས་སྐྱོར་རྣམས་ཕན་ནུས་ལྡན་པ་ཞིག་བྱས་ཚེ་དེས་ཤུགས་རྐྱེན་མི་འདྲ་བ་ཞིག་ཐེབས་རྒྱུའི་རེ་བ་ཡོད་པ་དང་མི་རབས་ཤིག་གི་རིང་ཕན་ཐོགས་ཡོང་སྲིད། ང་ཚོས་རོགས་སྐྱོར་དང་རོགས་སྐྱོར་བྱས་ནས་ཇུས་འགོད་ཡག་པོ་མ་བྱུང་བ་རྣམས་དབྱེ་བ་ཕྱེ་དགོས། རོགས་སྐྱོར་བྱས་ནས་ཇུས་འགོད་ཡག་པོ་བྱུང་ཚེ་དེས་ཕན་ཐོགས་ངེས་ཅན་ཡོང་རྒྱུ་མ་ཟད་ཨོ་སི་ཊོ་ལི་ཡ་དང་རྒྱལ་ཁབ་དེ་དག་དབར་འབྲེལ་བ་ཡང་སྲ་བརྟན་ཡོང་ངེས་རེད། དེ་ལྟར་བྱུང་ཚེ་རོགས་སྐྱོར་གྱིས་ས་གནས་ཀྱི་འགྲོ་བ་མིའི་འཚོ་བ་བདེ་ཐང་དང་ས་གནས་ཀྱི་དཔལ་འབྱོར་ལག་རྩལ་འཕེལ་རྒྱས་ལའང་ཕན་ཐོགས་ཆེན་པོ་ཡོང་གི་རེད་ཅེས་གསུངས་འདུག
ཨོ་སི་ཊོ་ལི་ཡས་རོགས་སྐྱོར་མང་ཆེ་བ་ནི་ཞི་བདེ་རྒྱ་མཚོའི་གླིང་ཕྲན་ཁྱིམ་མཚེས་ཀྱི་རྒྱལ་ཁབ་ཁག་དང་། དེ་བཞིན་ལྷོ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་ཡིན་ཞིང་། དེའི་ནང་པཱ་ཕུ་ཨ་རྒྱལ་ཁབ་ནི་ཨོ་སི་ཊོ་ལི་ཡ་ནས་རོགས་སྐྱོར་མང་ཤོས་རག་གི་ཡོད་པ་རེད་འདུག
ཡིན་ན་ཡང་ལྕམ་དྷུ་ཧན་ཊི་ Dulhunty ལགས་ཀྱིས་རྒྱ་ནག་གིས་ཞི་བདེ་རྒྱ་མཚོའི་མཚོ་གླིང་ཁག་ལ་ཨོ་སི་ཊོ་ལ་ཡ་ལས་རོགས་སྐྱོར་མང་བ་བྱེད་བཞིན་ཡོད་སྐོར་བརྗོད་འདུག
ཁོ་མོས་ཨོ་སི་ཊོ་ལི་ཡས་ས་ཁམས་ཆབ་སྲིད་ཀྱི་ཆ་ནས་གལ་སྲིད་ས་གནས་དེར་རོགས་སྐྱོར་མང་དུ་གཏོང་དགོས་པ་མ་མཐོང་ཚེ་སོ་སོའི་ཁེ་ཕན་ཨང་དང་པོར་བརྩི་བཞིན་ཡོད། དེ་དང་ཆབས་ཅིག་རྒྱ་ནག་གིས་ཞི་བདེ་རྒྱ་མཚོ་མངའ་ཁུལ་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བཞིན་ཡོད་པས་དེ་ལ་སེམས་འཚབ་ཀྱིས་ཨོ་སི་ཊོ་ལི་ཡའི་མི་མང་པོ་ཞིག་གིས་དོ་སྣང་ཤུགས་ཆེ་བྱེད་བཞིན་ཡོད། ཞི་བདེ་རྒྱ་མཚོའི་མངའ་ཁུལ་ལ་རོགས་སྐྱོར་སྔར་ལས་མང་བ་བྱ་རྒྱུ་གལ་ཆེན་ཆགས་ཡོད། ས་ཁམས་ཆགས་ཚུལ་གྱི་མཚོན་ཆ་སྤྱད་ལས་རོགས་སྐྱོར་ལས། གོ་ལ་ཁྱོན་ཡོངས་ལ་འགྲོ་བ་མིའི་སྙིང་རྗེའི་ཐོག་ནས་རོགས་སྐྱོར་བྱ་རྒྱུ་དེ་ཁ་ཚ་དགོས་གཏུགས་ཆགས་ཡོད་ཅེས་གསུངས་འདུག
ཨོ་སི་ཊོ་ལི་ཡས་ད་ལྟའི་ཆར་ལོ་རེར་རྒྱལ་ཁབ་ཀྱི་ཐོན་འབབ་ལས་རོགས་སྐྱོར་བརྒྱ་ཆ་ ༠་༡༩ ལས་བྱེད་བཞིན་མེད་པ་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཨོ་སི་ཊོ་ལི་ཡའི་ངོས་ནས་དཔལ་འབྱོར་མཉམ་འབྲེལ་དང་འཕེལ་རྒྱས་ལྟེ་གནས་ཁང་ O-E-C-D ལ་རོགས་སྐྱོར་བྱེད་དགོས་པའི་དམིགས་ཚད་ལས་འོག་ཏུ་ལྷག་ཡོད་པ་རེད།