མ་རྩ་ཚོང་སྒྱུར་གྱི་ཁེ་འབབ་དཔྱ་ཁྲལ་དང་དཔྱ་ཁྲལ་དེ་སུས་འཇལ་དགོས་ཀྱི་ཡོད་དམ།

What is Capital Gains Tax and who needs to pay it.jpg

མ་རྩ་ཞིག་ཚོང་སྒྱུར་བྱས་རྗེས་དེ་ལས་བྱུང་བའི་ཁེ་འབབ་དཔྱ་ཁྲལ་ CGT ནི་སུ་ཞིག་གིས་ཅ་དངོས་ཤིག་བཙོང་རྗེས་དེའི་ཁེ་འབབ་ལ་དཔྱ་ཁྲལ་མཇལ་དགོས་པ་དེ་རེད། གལ་སྲིད་ཁྱེད་རང་གིས་མ་རྩ་ཞིག་བཙོང་རྗེས་དེ་ལས་འབབ་པའི་ཁེ་བཟང་དེ་ཁྱེད་ཀྱི་སྤྱི་ཡོངས་ཀྱི་དཔྱ་ཁྲལ་ཁག་གཞན་དང་མཉམ་དུ་བསྡོམས་རྩིས་རྒྱག་དགོས་ཀྱི་ཡོད་པ་རེད།


དཔྱ་ཁྲལ་དེ་ཁྱེད་རང་གི་ལོ་མཇུག་དཔྱ་ཁྲལ་ཕྱི་སློག་གི་རྩིས་རྒྱག་སྐབས་མཉམ་དུ་བརྩིས་རྒྱག་དགོས་ཤིང་། ཨོ་སི་ཊོ་ལི་ཡའི་ལོ་གཅིག་གི་དངུལ་རྩིས་དེ་ལོ་ལྟར་ཕྱི་ཟླ་ ༦ ཚེས་ ༣༠ ལ་ཉིན་མཐའ་མ་དང་མཇུག་སྒྲིལ་གྱི་ཡོད་པ་རེད།

གལ་སྲིད་ཁྱེད་རང་གིས་དཔེར་ན། མ་རྩ་ས་ཁང་དང་མ་འཛུགས་གང་ཞིག་ཚོང་སྒྱུར་བྱས་སྐབས་ཁེ་འབབ་དང་གྱོང་གུད་གང་ཞིག་བྱུང་ཡང་། ཨོ་སི་ཊོ་ལི་ཡའི་དཔྱ་ཁྲལ་ལས་ཁུངས་ནས་ཆད་པ་མི་ཕོག་ཆེད་ངེས་པར་དུ་སྙན་སེང་ཞུ་དགོས་ཀྱི་ཡོད་པ་རེད།

མ་རྩ་ཚོང་སྒྱུར་ལས་ཐོབ་པའི་ཁེ་འབབ་དཔྱ་ཁྲལ་ CGT དེ་མིང་གཞན་གང་འདྲ་ཞིག་གི་འོག་ལ་ཡོད་ཀྱང་ད་དུང་ཁྱེད་རང་སྒེར་གྱི་ཡོང་འབབ་ཀྱི་ཆ་ཤས་ཆགས་ཡོད་པ་རེད།

ཨོ་སི་ཊོ་ལི་ཡར་གནས་སྡོད་དཔྱ་ཁྲལ་མཇལ་མཁན་ཚོས་མ་རྩ་ཞིག་ཚོང་སྒྱུར་བྱས་རྗེས་དེ་ལས་ཐོབ་པའི་ཁེ་འབབ་དང་ཡང་ནང་གྱོང་གུད་གང་ཞིག་བྱུང་ཡང་ལོ་མཇུག་དཔྱ་ཁྲལ་རྩིས་རྒྱག་སྐབས་ངེས་པར་དུ་སྙན་སེང་ཞུ་རྒྱུའི་འོས་འགན་ཡོད། ཨོ་སི་ཊོ་ལི་ཡ་དཔྱ་ཁྲལ་ལས་ཁུངས་ ATO ཡིས་དཔྱ་ཁྲལ་ཁག་དང་། ཡོང་འབབ་བསྡུ་ལེན་གྱི་ལས་དོན་ཡོངས་རྫོགས་སྟངས་འཛིན་བྱེད་བཞིན་ཡོད། མི་མང་ཆེ་བས་རྩིས་པ་འཚོལ་ནས་ལོ་མཇུག་ཏུ་དཔྱ་ཁྲལ་ཕྱིར་རག་ཐབས་བྱེད་བཞིན་ཡོད།

མཱ་ནོ་ཇི་གྷུ་ཏ་ Manoj Gupta ལགས་ནི་གྲོང་ཁྱེར་མེལ་བྷོན་ནང་གནས་སྡོད་བྱེད་མཁན ཞིག་དང་ཁོང་ནི་ཆེད་མཁས་རྩིས་པ་ chartered accountant ཞིག་རེད། ཁོང་གིས་མ་རྩ་ཚོང་སྒྱུར་ལས་ཐོབ་པའི་ཁེ་འབབ་དཔྱ་ཁྲལ་ CGT སྐོར་ལ་འགྲེལ་བརྗོད་དང་བཀོལ་སྤྱོད་བྱེད་སྟངས་སྐོར་ལ་གསུངས་དོན།

མ་རྩ་ཚོང་སྒྱུར་ལས་ཐོབ་པའི་ཁེ་འབབ་དཔྱ་ཁྲལ་ནི་གཞུང་གིས་ང་ཚོས་རྒྱུ་ནོར་གང་རུང་ཞིག་ཕྱིར་འཚོང་བྱས་ནས་ཐོབ་པའི་ཁེ་འབབ་ལ་བསྡུ་ལེན་བྱས་པའི་དཔྱ་ཁྲལ་ཞིག་རེད། རྒྱུ་ནོར་དེ་དག་ནི་ས་ཁང་དང་།  མ་རྐང་ཚོང་ར། དངུལ་ལོར་བརྗེ་ལེན་དང་རྒྱུ་ནོར་གཞན་དག་ཀྱང་ཡིན་ཆོག དེའི་ནང་དུ་ཕྱི་རྒྱལ་གྱི་རྒྱུ་ནོར་ཡང་ཚུད་ཡོད་པ་རེད་ཅེས་གསུངས་འདུག

མ་རྩ་ཚོང་སྒྱུར་ལས་ཐོབ་པའི་ཁེ་འབབ་དངུལ་འབོར་དེ་དུས་རྒྱུན་ཁྱེད་རང་ལས་ཀ་བྱེད་པའི་གླ་ཆ་དང་ཡང་ན་ཚོང་ལས་གཉེར་བ་ལས་བྱུང་བའི་ཡོང་འབབ། ཅ་དངོས་གཞན་དག་གཙོང་པའི་དངུལ་འབབ་སོགས་དཔྱ་ཁྲལ་མཇལ་དགོས་པའི་དངུལ་འབོར་གྱི་སྒང་ལ་སྣོན་དགོས་ཀྱི་ཡོད་པ་རེད།

ཁོང་གིས་དཔེར་ན་གལ་སྲིད་དཔྱ་ཁྲལ་མཇལ་མཁན་ཞིག་གིས་ལོ་འདིར་ས་ཁང་ཞིག་ཚོང་སྒྱུར་བྱས་ཡོད་ན། ཚོང་སྒྱུར་དེར་ཁེ་བཟང་རག་ཡོད་ན་འདྲ་རག་མེད་ན་འདྲ། གཞུང་ལ་ལོ་མཇུག་དཔྱ་ཁྲལ་རྩིས་རྒྱག་སྐབས་ངེས་པར་དུ་སྙན་སེང་ཞུ་དགོས་ཀྱི་ཡོད་པ་རེད་ཅེས་གསུངས་འདུག

མ་རྩ་ཚོང་སྒྱུར་དེ་ལས་ཁེ་འབབ་ག་ཚོད་རག་ཡོད་མེད་རྩིས་ནན་ཏན་བརྒྱབ་རྗེས། ཁེ་འབབ་དེ་ལ་དཔག་པའི་དཔྱ་ཁྲལ་ཏག་ཏག་མཇལ་དགོས་ཀྱི་ཡོད་པ་རེད།

ཊེམ་ལོ་ Tim Loh ལགས་ནི་ཨོ་སི་ཊོ་ལི་ཡ་དཔྱ་ཁྲལ་ལས་ཁུངས་ ATO ཡི་སྤྱི་ཁྱབ་འགན་འཛིན་གྱི་ལས་རོགས་ཤིག་རེད། ཁོང་གིས་དཔྱ་ཁྲལ་མཇལ་དགོས་པའི་དངུལ་འབོར་རྩིས་རྒྱག་སྟངས་སྐོར་འགྲེལ་བརྗོད་གནང་དོན།

ཁོང་གིས་དཔེར་ན་ནོ་རེ་ Noori ལགས་ཀྱིས་མ་རྐང་ཞིག་ཉོས་ནས་དེ་ལ་ཨོ་སྒོར་ ༥༠༠༠ སྤྲད་པ་རེད། ཁོང་གིས་མ་རྐང་དེ་ཟླ་བ་ ༦ ཉར་རྗེས་ཨོ་སྒོར་ ༥༥༠༠ བྱས་ནས་ཕར་བཙོང་བ་རེད། ཁོ་མོར་མ་རྩ་དེ་མ་གཏོགས་མ་རྩ་གཞན་དང་ཁེ་འབབ་དང་གྱོང་གུད་མེད་པའི་དབང་དུ་བཏང་ན། ཁོ་མོར་ཨོ་སྒོར་ ༥༠༠ དེ་མ་རྩ་ལས་ཁེ་འབབ་བྱུང་བ་དང་། སྒྲོ་ལོ་ ༥༠༠ དེ་ལོ་མཇུག་ཁོ་མོ་སྒེར་གྱི་དཔྱ་ཁྲལ་རྩིས་རྒྱག་སྐབས་མཉམ་དུ་བརྩིས་རྒྱག་དགོས་ཀྱི་ཡོད་པ་རེད་ཅེས་གསུངས་འདུག

ཨོ་སི་ཊོ་ལི་ཡའི་མངའ་སྡེ་ཁུན་སི་ལན་ཌི་གྲོང་ཁྱེར་བྷེར་སི་བྷན་ Brisbane ནང་གནས་སྡོད་བྱེད་མཁནཆ་འཕྲིན་ལག་རྩལ་སློབ་སྟོན་པ་སྐུ་ཞབས་ཝེ་སཱ་བྷར་མན་ཡཱ་ V. Subramanya གྱིས་ས་ཁང་མ་འཛུགས་ཞིག་བཙོང་ནས་གྱོང་གུད་ཕོག་ཡོད་འདུག སྤྱིར་ཁོང་གིས་མ་རྩ་དེ་ཚོང་སྒྱུར་རྗེས་དཔྱ་ཁྲལ་མཇལ་མི་དགོས་པའི་རེ་བ་བརྒྱབ་ཡོད་ཀྱང་། ཨོ་སི་ཊོ་ལི་ཡ་དཔྱ་ཁྲལ་ལས་ཁུངས་ཀྱི་ངོས་ནས་ལྟ་ཚུལ་མ་འདྲ་བ་ཞིག་བཟུང་ཡོད། ཁོང་གིས་དེའི་སྐོར་འགྲེལ་བརྗོད་གནང་དོན།

ང་ཚོས་དེ་སྔོན་ཏཱ་སི་མ་ནིང་ཨ་མངའ་སྡེའི་ནང་ཨོ་སྒོར་འབུམ་བཞི་དང་ཁྲི་གཉིས་ ༤༢༠༠༠༠ སྤྲད་ནས་ ས་ཁང་ཞིག་ཉོས་པ་ཡིན། ང་ཚོ་བྷིར་སི་བྷན་ལ་མ་སྤོས་གོང་ལ་ཁང་པ་དེར་ལོ་འགའ་ཤས་བསྡད་པ་རེད། དེའི་རྗེས་ལ་ལོ་འགའ་ཤས་ཁང་གླ་ལ་བཏང་བ་རེད། མཐའ་མར་ང་ཚོས་ཁང་པ་དེ་བཙོང་སྐབས་མ་རྩ་ལས་མར་ཆགས་ནས་ཨོ་སྒོར་འབུམ་གསུམ་དང་ཁྲི་བརྒྱད་ ༣༨༠༠༠༠ མ་གཏོགས་རག་ཡོད་མ་རེད། ལོ་དེར་ང་ཚོས་དཔྱ་ཁྲལ་རྩིས་རྒྱག་སྐབས་ཨོ་སི་ཊོ་ལི་ཡ་དཔྱ་ཁྲལ་ལས་ཁུངས་ ATO ཡིས་ང་ཚོར་ལ་མ་རྩ་ལས་ཁེ་འབབ་བྱུང་འདུག་ཟེར་གྱི་འདུག་ཅེས་གསུངས་འདུག

འདི་ལྟ་བུའི་གནས་སྟངས་ལ་མི་མང་པོ་ཞིག་ཡ་མཚན་སྐྱེ་བཞིན་ཡོད། ཡིན་ན་ཡང་གནས་སྟངས་འདི་མ་འཛུགས་བྱས་པའི་ས་ཁང་དེའི་བཟོ་བཅོས་དང་ཉམས་གསོ་སྐབས་འགྲོ་གྲོན་རྣམས་ཕྱིར་ལེན་པའི་རྐྱེན་གྱིས་གནས་ཚུལ་དེ་འདྲ་ཡོང་གི་ཡོད་པ་རེད།

སྐུ་ཞབས་ཝེ་སཱ་བྷར་མན་ཡཱ་ V. Subramanya ལགས་ཀྱིས་དེའི་སྐོར་ཞིབ་ཕྲ་འགྲེལ་བརྗོད་གནང་དོན།

ཁོང་གིས་གནད་འགག་དེ་མ་འཛུགས་བྱས་པའི་ས་ཁང་དེའི་བཟོ་བཅོས་དང་ཉམས་གསོ་བྱས་པའི་འགྲོ་སོང་ཁག་བཅོག་འཕྲི་བྱས་རྗེས་ས་ཁང་དེར་མ་གནས་ཨོ་སྒོར་སུམ་འབུམ་ལྔ་ཁྲི་ལྔ་སྟོང་ལ་མར་ཆགས་ཡོད་པ་རེད། དེར་བརྟེན་དཔྱ་ཁྲལ་ལས་ཁུངས་ཀྱིས་མ་གནས་ལས་ད་དུང་ཁེ་བཟང་ཨོ་སྒོར་སྟོང་ཕྲག་ ༢༥ རག་འདུག་ཅེས་དང་། དེ་ལ་དཔྱ་ཁྲལ་ཨོ་སྒོར་སུམ་སྟོང་ ༣༠༠༠ ནས་ བཞི་སྟོང་ ༤༠༠༠ བར་སྤྲོད་དགོས་ཀྱི་ཡོད་པ་རེད་ཅེས་གསུངས་འདུག

ཨོ་སི་ཊོ་ལི་ཡའི་ནང་ལོ་ལྟར་ཕྱི་ཟླ་ ༧ ཚེས་ ༡ ནས་ཕྱི་ཟླ་ ༦ པའི་ཚེས་ ༣༠ བར་གྱི་ལོ་གཅིག་གི་རིང་དཔྱ་ཁྲལ་ཕྱིར་སློག་དང་རྩིས་རྒྱག་དགོས་ཀྱི་ཡོད་པ་དང་། དེ་ཡང་ཕྱི་ཟླ་ ༡༠ ཚེས་ ༣༡ སྔོན་ལ་རྩིས་ངེས་པར་དུ་རྒྱག་ཚར་དགོས་ཀྱི་ཡོད་པ་རེད།

ཨོ་སི་ཊོ་ལི་ཡའི་དཔྱ་ཁྲལ་ལས་ཁུངས་ཀྱི་དྲ་ཚིགས་ཐོག་དཔྱ་ཁྲལ་དང་འབྲེལ་བའི་དགོས་མཁོ་ཆེ་བའི་གནས་ཚུལ་མང་པོ་ཞིག་སྐད་ཡིག་ཁག་ ༣༠ ཙམ་གྱི་ནང་ཡིག་སྒྱུར་བྱས་ཡོད་པ་རེད།

Share