ཨོ་གླིང་ནང་བོད་མི་ཚོས་བོད་མིའི་མང་གཙོའི་དུས་ཆེན་ཐེངས་ ༦༣ སྲུང་བརྩི་གནང་བ།

63rd tibetan democracy day celebration.jpg

Photo: Jigme Dorjee

དེ་རིང་ཕྱི་ལོ་ ༢༠༢༣ ཟླ་ ༩ ཚེས་ ༢ ཉིན་རེས་གཟའ་སྤེན་པ་ཉིན་ཨོ་སི་ཊོ་ལི་ཡའི་རྒྱལ་ས་ཁེམ་བྷེ་ར་གཙོ་བོར་གྱུར་པའི་ཨོ་སི་ཊོ་ལི་ཡའི་ནང་བོད་མི་གནས་སྡོད་བྱེད་ས་ས་ཁུལ་གང་ས་ནས། བོད་མིའི་མང་གཙོ་དབུ་བརྙེས་ནས་མི་ལོ་ ༦༣ འཁོར་བའི་དུས་དྲན་སྲུང་བརྩིས་ཞུས་གནང་ཡོད་པ་རེད།


དེ་རིང་མང་གཙོའི་ཉིན་མོ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བསྒྲགས་གཏམ་དེའི་ནང་། “༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་མང་ཚོགས་ལ་མང་གཙོའི་སྲོལ་བཟང་གསོལ་རས་གནང་བ་ནས་བཟུང་བཙན་བྱོལ་དུ་མང་གཙོའི་འགྲོ་ལུགས་དང་། སྒྲོམ་གཞི། དེའི་ནང་མི་མང་གིས་མཉམ་ཞུགས་བྱེད་ཕྱོགས་བཅས་ཀྱི་ཐོག་ལ་དུས་ཚོད་དང་ཉམས་མྱོང་གིས་བསྲེགས་བཅད་བརྡར་གསུམ་གྱི་སྒོ་ནས་རིམ་གྱིས་འཕེལ་རྒྱས་ཕྱིན་པ་རྣམ་པ་མངོན་གསལ་དུ་གྱུར་ཅིང་། མ་འོངས་བོད་ཀྱི་བདེན་མཐའ་གསལ་ཏེ་བོད་ལ་ལོག་པའི་བསྐལ་བཟང་གི་ཉི་མ་འཆར་སྐབས་གཞིས་བཞུགས་སྤུན་ཟླ་རྣམས་ལ་མང་གཙོའི་ཉམས་མྱོང་བརྗེ་ལེན་བྱ་རྒྱུའི་རིན་ཐང་ལྡན་པའི་ལེགས་སྐྱེས་ཡག་ཤོས་དེ་ཆགས་ཡོད།” ཅེས་གསུངས་འདུག

ཡང་བསྒྲགས་གཏམ་དེའི་ནང་”མང་གཙོའི་ཁྱད་ཆོས་མང་པོ་ཡོད་པའི་ཁོངས་ནས་གལ་གནད་ཆེ་བ་ཞིག་ནི། འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་དང་། ཁྲིམས་ཀྱི་དབང་སྒྱུར་བཅས་ལ་གུས་བརྩི་ཞུ་རྒྱུ་དེ་ཡིན། མི་སུ་འདྲ་ཞིག་ཡིན་ཡང་སོ་སོའི་རང་དབང་དང་ཐོབ་ཐང་གལ་ཆེན་པོར་འཛིན་གྱི་ཡོད་པ་ནང་བཞིན། མི་གཞན་གྱི་གཞི་རྩའི་རང་དབང་དང་། ཐོབ་ཐང་། དེ་བཞིན་ཁྲིམས་ཀྱི་དབང་སྒྱུར་བཅས་ལ་གུས་བརྩི་དགོས་རྒྱུ་ཧ་ཅང་གི་གལ་གནད་ཡིན་པ་མ་ཟད་སྤྱི་ཚོགས་ལྷིང་འཇགས་ཀྱི་གཞི་རྩའང་ཡིན། བཙན་བྱོལ་བོད་མི་རྣམས་ཀྱིས་དྲན་གསོ་བྱ་དགོས་པ་ཞིག་ལ་གཞན་ཡུལ་དུ་སྐྱབས་བཅོལ་བའི་གནས་བབ་འོག་ནས་རང་དབང་དང་འདྲ་མཉམ་གྱི་གོ་སྐབས་ཐོབ་པ་དེ་དག་གཅེས་འཛིན་ཐོག་དེང་གི་མང་གཙོའི་ཁྱད་ཆོས་དང་བོད་མིའི་རིག་གཞུང་གི་བཟང་སྤྱོད་སྔར་ལྷག་ལྡན་པའི་བོད་མིའི་མང་གཙོ་ཞིག་ཡོང་ཐབས་བྱ་དགོས་པ་གལ་ཆེ་ཆགས་ཡོད།” ཅེས་གསུངས་འདུག

ཡང་དབུས་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་བསྒྲགས་གཏམ་དེའི་ནང་། “སྔ་ལོའི་མང་གཙོ་དུས་ཆེན་གྱི་གཏམ་བཤད་ནང་། བཀའ་ཤག་གིས་གྲོས་ཚོགས་ནས་བཅའ་ཁྲིམས་བསྐྱར་བཅོས་ཚོགས་ཆུང་ཞིག་འཛུགས་ཐབས་རེ་སྐུལ་ཞུས་པ་སྐབས་དེར་དོན་སྨིན་བྱུང་མེད་ནའང་། ཉེ་ལམ་སྤྱི་འཐུས་ལྷན་ཚོགས་ཀྱིས་ཆེད་བཙུགས་གནང་བའི་ཁྲིམས་སྒྲིག་བསྐྱར་ཞིབ་ཚོགས་ཆུང་གི་ལས་དོན་འགོ་འཛུགས་གནང་ཟིན་འདུག་པ་དེར་བཀའ་ཤག་གི་བསམ་ཚུལ་ཁག་ཡིག་ཐོག་ནས་ཕུལ་ཟིན་ཡོད་ལ། དབུས་སའི་ལས་བྱེད་པ་དང་། མང་ཚོགས་ཀྱི་བསམ་ཚུལ་རྒྱ་ཆེར་བསྡུ་ལེན་བྱས་པ་དེ་དག་ལ་ཚོགས་ཆུང་དང་གྲོས་ཚོགས་ནས་ཐུགས་སྣང་དཔྱད་ཞིབ་ནན་ཟབ་གནང་སྟེ་བསྐྱར་བཅོས་གནང་སྒོ་འཐུས་ཚང་ཡོང་བའི་རེ་བ་ཞུ་བཞིན་ཡོད།” ཅེས་གསུངས་འདུག

ཡང་བཀའ་ཤག་གི་བསྒྲགས་གཏམ་དེའི་ནང་”བཀའ་ཤག་གིས་ཁྲིམས་ཀྱིས་དབང་སྒྱུར་ནི་སྤྱི་སྙོམས་དྲང་བདེན་འགན་སྲུང་གི་རྩིག་རྨང་དུ་རྩི་བཞིན་པ་དང་། ཁྲིམས་ལུགས་དྲང་བདེན་ནི་མང་གཙོའི་རིན་ཐང་མངོན་འགྱུར་གྱི་མཁར་རྫོང་དུ་ལྟ་བཞིན་ཡོད། རྒྱལ་ཁབ་ཀྱི་བདག་དབང་མི་མང་ལ་ཡོད་པའི་མང་གཙོའི་ལྟ་གྲུབ་ལ་འདུན་མོས་ཡོད་མཁན་ཞིག་ཡིན་ཕྱིན། རྩ་དོན་དང་། སྤྱི་པའི་སྲིད་ཇུས་གཏན་འབེབས་དང་། ལག་བསྟར་གྱི་བརྒྱུད་རིམ་ཁྲོད་མི་མང་གི་ནུས་པ་མཉམ་སྤུངས་ནི་རྒྱལ་ཁབ་དེའི་དར་རྒུད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པ་བསྙོན་མེད་ཡིན། ང་ཚོར་སྤྱི་ཡོངས་ནས་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད་ནའང་། བོད་རང་དབང་གི་དམིགས་ཡུལ་ད་དུང་མངོན་འགྱུར་བྱེད་ཐུབ་མེད་པས། ཚང་མ་རྡོག་གྲ་འགྲིག་པོའི་སྒོ་ནས་གོམ་པ་མངུན་སྤོ་བྱེད་ཐུབ་པ་དགོས་པའི་གཞེན་བསྐུལ་ཞུ་བཞིན་ཡོད།”ཅེས་གསུངས་འདུག

བོད་མིའི་མང་གཙོ་འཕེལ་རིམ་ནི། དེ་ཡང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ན་ཆུང་དུས་ནས་བོད་འདི་རང་དབང་མང་གཙོའི་ལམ་དུ་བསྐྱོད་རྒྱུའི་ཐུགས་དགོངས་ཟབ་མོ་ཡོད་ཀྱང་། བོད་ནང་སྐབས་དེར་ཕྱི་ནང་གི་འགལ་རྐྱེན་སྣ་ཚོགས་འོག དངོས་སུ་ལག་བསྟར་གནང་མ་ཐུབ་ཀྱང་། ཕྱིས་སུ་བཙན་བྱོལ་དུ་ཕེབས་རྗེས་ཐོག་མར་ཕྱི་ལོ་ ༡༩༥༩ ལོའི་ཕྱི་ཟླ་ ༡༢ པའི་ནང་གནས་མཆོག་རྡོ་རྗེ་གདན་དུ་བོད་མི་སེར་སྐྱ་ཡོངས་ནས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བསྟན་བཞུགས་བསྟར་འབུལ་དང་། ད་ཕྱིན་ཆད་ནས་བོད་མི་ཆོལ་གསུམ་ཆོས་ལུགས་དང་བཅས་པས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་འོག་ལམ་སྟོན་ཤར་བསྐྱོད་བྱ་རྒྱུ་ཡིན་ཞེས་དམ་བཅའ་<<མནའ་གན་མཐུ་བོ་ཆེ་>>བཞགས་ནས་མ་འོངས་བོད་མིའི་ལས་དབང་ཐད་བཀའ་སློབ་ལམ་སྟོན་ཞུས་རྗེས། ༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་སྐབས་དེར་བཀའ་སློབ་ལམ་སྟོན་ཕེབས་དོན་ལྟར། བོད་མིའི་ཆོལ་གསུམ་ཆོས་བརྒྱུད་དང་བཅས་པའི་རང་ཁུངས་སོ་སོ་ནས་འོས་འདེམས་བྱས་པའི་འཐུས་མིའི་མིང་ཐོ་འབུལ་ལམ་ཞུས་པ་ནས་སྐབས་དང་པོའི་བོད་མི་མང་སྤྱི་འཐུས་སེར་སྐྱ་མི་གྲངས་བཅུ་གསུམ་ལ་གང་ཉིད་ཀྱིས་བསྐོ་གཞག་ཕྱག་རྟགས་བསྩལ་བ་དང་། ཕྱི་ལོ་ ༡༩༦༠ ཟླ་ ༩ ཚེས་ ༢ ཉིན་སྐབས་དེར་འོས་འདེམས་བྱས་པའི་འཐུས་མི་ཚོས་༧གོང་ས་མཆོག་མཇལ་ཁ་དང་དམ་འབུལ་ཞུས་པ་ནས་བཟུང་བོད་མིའི་ཆོས་སྲིད་གཉིས་ལྡན་གྱི་མང་གཙོའི་ལམ་སྲོལ་དབུས་བརྙེས་ཡོད་པ་རེད། དེ་ནས་བཟུང་སྟེ་བོད་མི་ཚོས་ལོ་ལྟར་ཕྱི་ཟླ་ ༩ ཚེས་ ༢ ཉིན་མང་གཙོའི་ཉིན་མོ་སྲུང་བརྩི་ཞུ་བཞིན་ཡོད་པ་རེད།

Share