ཨོ་གླིང་དབུས་དངུལ་ཁང་གིས་ ༢༠༢༤ ལོ་མཇུག་ནས་དངུལ་སྐྱེད་ཀྱི་བརྒྱ་ཆ་མར་གཅོག་སྲིད་དམ།

ཕྱི་ལོ་ ༢༠༢༢ ཕྱི་ཟླ་ ༥ པ་ནས་བཟུང་སྟེ་ཨོ་གླིང་དབུས་དངུལ་ཁང་ RBA ཡི་ཨོ་སྒོར་གྱི་དངུལ་སྐྱེད་བརྒྱ་ཆ་བསྟུད་མར་སྤར་ཏེ་ད་ཆ་དངུལ་དམར་གྱི་སྐྱེད་ཀ་བརྒྱ་ཆ་ ༤་༣༥ ལ་སླེབས་ཡོད་ཀྱང་། དཔྱད་བརྗོད་པ་མང་པོས་འདི་ལོའི་ལོ་མཇུག་ནས་སྐྱེད་སྤར་མཚམས་འཇོག་དང་ཡང་ན་སྐྱེད་ཀ་བརྒྱ་ཆ་ཏོག་ཙམ་མར་གཅོག་སྲིད་པའི་ཚོད་དཔག་བྱེད་བཞིན་འདུག

RBA

RBA Source: Getty / getty image

ཉེ་ཆར་ཕྱི་ཟླ་ ༢ ཚེས་ ༥ དང་ ༦ ཉིན་དབུས་དངུལ་ཁང་ RBA གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཚོགས་སྟེ་གསལ་བསྒྲགས་ཤིག་སྤེལ་བའི་ནང་། དབུས་དངུལ་ཁང་གི་དངུལ་སྐྱེད་ཀྱི་དམིགས་འབེན་བརྒྱ་ཆ་ ༤་༣༥ ལ་ད་ལྟ་འགྱུར་བ་གང་ཡང་མེད་པ་དང་། ད་ལྟའི་ཆར་དངུལ་དམར་གྱི་སྐྱེད་ཆ་བརྒྱ་ཆ་ ༤་༢༥ དེ་ཡང་རང་འཇགས་གནས་ཡོད་སྐོར་གསལ་བསྒྲགས་སྤེལ་འདུག དབུས་དངུལ་ཁང་གི་སྐབས་རྗེས་མའི་ཚོགས་འདུ་དེ་བཞིན་འདི་ལོ་ཕྱི་ཟླ་ ༣ པ་ཚེས་ ༡༨ དང་ ༡༩ ཉིན་འཚོགས་འཆར་ཡོད་པས་སྐབས་དེ་དུས་ཐག་གཅོད་ག་རེ་ཡོང་གི་ཡོད་མེད་བལྟ་རྒྱུ་བསྡད་ཡོད།

ད་དུང་ཉེ་ཆར་གྱི་བསྒྲགས་གཏམ་དེའི་ནང་འགན་འཛིན་ལྷན་ཚོགས་ནས་མ་འོངས་པར་རྒྱལ་སྤྱི་རྒྱལ་ནང་གི་དཔལ་འབྱོར་གྱི་གནས་བབས་དང་། རྒྱལ་ནང་གི་དགོས་མཁོའི་གནས་བབས་བཅས་ལ་དོ་སྣང་ནན་ཏན་བྱེད་ནས་གོམ་པ་སྤོ་རྒྱུ་ཡིན་སྐོར་བརྗོད་ཡོད།

དབུས་དངུལ་ཁང་གི་འགན་འཛིན་ལྕམ་མེ་ཤེལ་བྷུ་ལོ་ཁེ་ Michele Bullock ལགས་ཀྱིས་དབུས་དངུལ་ཁང་གི་ཕྱི་ལོ་ ༢༠༢༥ ལོར་དངུལ་སྐྱེད་བརྒྱ་ཆ་ ༣ དང་། ཕྱི་ལོ་ ༢༠༢༦ དངུལ་སྐྱེད་ཀྱི་བརྒྱ་ཆ་ ༢་༥ ཙམ་ལ་མར་ཆགས་སྲིད་སྐོར་སྔོན་བརྡ་བཏང་ཡོད་པ་རེད། གཞན་ཡང་དཔལ་འབྱོར་ཆེད་མཁས་པ་མང་པོས་ཀྱང་འདི་ལོའི་ལོ་མཇུག་ནས་དངུལ་སྐྱེད་ཀྱི་བརྒྱ་ཆ་མར་གཅོག་སྲིད་སྐོར་བརྗོད་འདུག

དབུས་དངུལ་ཁང་གིས་དངུལ་སྐྱེད་ཀྱི་བརྒྱ་ཆ་ཇི་ཙམ་སྤར་བ་དེ་ཙམ་གྱིས་དངུལ་ཁང་གཞན་ཁག་གིས་བུན་གཡར་གྱི་སྐྱེད་ཀ་བརྒྱ་ཆ་དེ་ཙམ་སྤར་གྱི་ཡོད་པས། དེས་ས་ཁང་དང་ཚོང་ལས་སོགས་ཀྱི་ཆེད་དུ་བུན་ལོན་བླངས་མཁན་ཚོར་དཀའ་ངལ་ཇེ་ཆེར་བཟོས་ཡོད། འོན་ཀྱང་དངུལ་སྐྱེད་ཀྱི་བརྒྱ་ཆ་ཡར་སྤར་དགོས་དོན་ནི་དངུལ་གྱི་འཛའ་ཐང་རིན་བཞིན་མར་ཆགས་འགྲོ་བཞིན་ཡོད་པས། དངུལ་གྱི་འཛའ་ཐང་ངམ་རིན་ཐང་དོ་མཉམ་ཡོང་ཆེད་དང་། དཔལ་འབྱོར་སྲ་བརྟན་དང་འཕེལ་རྒྱས་ཡོང་རྒྱུར་དམིགས་ཀྱི་ཡོད་སྐོར་བརྗོད་ཡོད།

སྤྱིར་ཡོངས་དངུལ་དམར་གྱི་རིན་ཐང་ཇེ་ཆུང་དུ་འགྲོ་བཞིན་ཡོད་པའི་རྐྱེན་གྱིས་འཛའ་ཐང་དོ་མཉམ་ཡོང་ཆེད་དང་། རྒྱལ་ཁབ་ཀྱི་དཔལ་འབྱོར་སྲ་བརྟན་ཡོང་ཆེད་དབུས་དངུལ་ཁང་གི་དངུལ་སྐྱེད་ཀྱི་བརྒྱ་ཆ་ངེས་པར་སྤར་དགོས་འཁེལ་གྱི་ཡོད་སྐོར་བརྗོད་ཡོད་ཀྱང་། དངུལ་སྐྱེད་ཀྱི་བརྒྱ་ཆ་སྤར་བ་ནས་བཟུང་། ཚོང་ལས་འཁོར་རྒྱུགས་སྔར་བཞིན་མ་ཐུབ་པ་དང་དཔལ་འབྱོར་ཡར་རྒྱས་ཇེ་དལ་དུ་ཕྱིན་པ་སོགས་ཀྱིས་དབུས་དངུལ་ཁང་གིས་བསམ་བློ་གཉིས་པ་ཞིག་མ་གཏོང་ཀ་མེད་ཆགས་བཞིན་ཡོད་འདུག


Share
Published 14 February 2024 9:42pm
By Sangyal Dorjee
Source: SBS

Share this with family and friends