༢༠༢༣ ལོར་ཨོ་སི་ཊོ་ལི་ཡའི་ས་ཁང་ཁྲོམ་རའི་འཁྲབ་སྟོན་དང་ ༢༠༢༤ ལོའི་རེ་བ།

ཨོ་སི་ཊོ་ལི་ཡའི་ནང་ས་ཁང་ཁྲོམ་རའི་གནས་བབས་ཆེས་ཁག་ཤོས་ཀྱི་ལོ་དེ་བདུན་ཕྲག་གཅིག་གི་གོང་ནས་མཇུག་སྒྲིལ་ཞིང་། ལོ་དེར་ས་ཁུལ་དང་གྲོང་ཁྱེར་མི་འདྲ་བར་ལག་བསྟར་དང་འཁྲབ་སྟོན་མ་འདྲ་བ་ཆགས་ཡོད། ཨོ་སི་ཊོ་ལི་ཡའི་ས་ཁང་གི་རིན་གོང་མུ་མཐུད་འཕར་བཞིན་ཡོད་ཀྱང་རིན་གོང་འཕར་ཚད་སྔར་དང་བསྡུར་ན་ཅུང་དལ་དུ་ཕྱིན་ཡོད། དཔལ་འབྱོར་རིག་པ་བ་ཞིག་གིས་ཕྱི་ལོ་ ༢༠༢༤ ལོར་ཨོ་སི་ཊོ་ལིི་ཡའི་རྒྱལ་ཡོངས་སུ་ས་ཁང་གི་རིན་གོང་སླར་ཡང་ཆག་སྲིད་པའི་ཚོད་དཔག་བྱས་འདུག

Houseing Australia.jpg

The prices of houses continued to rise in many cities around the country during 2023. Source: AAP / Darren England

ཉེ་ཆར་ཕྱི་ཟླ་ ༡༢ པའི་ནང་ས་ཁང་གི་རིན་གོང་བརྒྱ་ཆ་ ༠་༤ ཙམ་ཡར་འཕར་ཡོད་པ་དང་། ཕྱི་ལོ་ ༢༠༢༣ ལོར་སྤྱི་ཡོངས་ས་ཁང་གི་རིན་གོང་བརྒྱ་ཆ་ ༨ ཡར་འཕར་ཡོད་འདུག

༢༠༢༢ ལོར་ས་ཁང་གི་རིན་གོང་མར་ཆགས་རྗེས་ཕྱི་ལོ་ ༢༠༢༣ ལོར་ས་ཁང་གི་རིན་གོང་སླར་ཡང་འཕར་འགོ་ཚུགས་པ་ནས་བཟུང་ཟླ་རེའི་ས་ཁང་རིན་གོང་འཕར་ཚད་དེ་ནི་ཚད་གཞི་དམའ་ཤོས་སུ་ཆགས་ཡོད།

སིཌ་ནིང་ལ་ཡོད་པའི་ཡིག་ཚགས་དོ་དམ་ CoreLogic ཡི་ཞིབ་འཇུག་འགན་འཛིན་ཊིམ་ལའོ་ལི་སི་ Tim Lawless ཡིས་ ༢༠༢༣ ལོའི་ས་ཁང་གི་རིན་གོང་གནས་སྟངས་ལ་གཞིར་བཅོལ་ན་ས་ཁུལ་དང་གྲོང་ཁྱེར་བར་གྱི་ས་ཁང་གི་རིན་གོང་འཕར་ཆག་ཧེ་བག་ཆེ་རུ་ཕྱིན་ཡོད་སྐོར་བརྗོད་འདུག

ཡང་ཁོང་གིས་ཁུན་སི་ལན་ཌི་དང་། ཨོ་སི་ཊོ་ལི་ཡའི་ལྷོ་ཕྱོགས་མངའ་སྡེ། ནུབ་ཕྱོགས་མངའ་སྡེ་བཅས་ནི་གྲོང་ཁྱེར་མེལ་བྷོན་དང་སིཌ་ནིང་ལྟར་ས་ཁང་གི་རིན་གོང་ལ་ཚོད་འཛིན་ཤུགས་ཆེ་ཐེག་མེད་སྐོར་བརྗོད་འདུག

མེལ་བྷོན་དང་སིཌ་ནིང་གཉིས་ལ་སྔ་ལོ་ཕྱི་ཟླ་ ༦ པ་ནས་བཟུང་སྡོད་ཁང་འཕར་སྣོན་གྱི་གྲངས་ཚད་ཀྱང་དལ་དུ་ཕྱིན་ཡོད་པ་དང་། ཁྲོམ་རའི་ནང་ས་གནས་གཉིས་ཀའི་ས་ཁང་ཚོང་སྒྱུར་གྱི་གྲངས་ཚད་དེ་སྔོན་གྱི་གྲངས་ཚད་མཐོ་ཤོས་ཀྱི་ཚད་གཞིར་ད་དུང་ཕྱིར་ལོག་བྱས་ཐུབ་མེད་སྐོར་བརྗོད་འདུག

མཚོ་འགྲམ་གྱི་གྲོང་ཁྱེར་ལ་དེ་སྔོན་ཕྱི་ཟླ་ ༡༢ པའི་ནང་སྡོད་ཁང་གི་གོང་ཚད་བརྒྱ་ཆ་ ༠་༢ ཡར་འཕར་ཡོད་འདུག དེ་བཞིན་མེལ་བྷོན་ལ་སྡོད་ཁང་གི་རིན་གོང་བརྒྱ་ཆ་ ༠་༣ མར་ལྷུང་བ་དང་ཉེ་བའི་ཟླ་བ་གཉིས་བསྟུད་མར་གོང་ཚད་མར་ཆགས་ཡོད་འདུག

མ་ཚད་ན་ནིང་རྒྱལ་སའི་གྲོང་ཁྱེར་ཆུང་ཤོས་ ༣ གྱི་ནང་སྡོད་ཁང་གི་རིན་གོང་དེ་ཙམ་འཕར་ཆག་མ་ཐུབ་པའི་གནས་སྟངས་བྱུང་ཡོད།

ཕྱི་ལོ་ ༢༠༢༤ ལོའི་ས་ཁང་ཁྲོམ་རའི་རིན་གོང་གི་གནས་སྟངས་སྔོན་དཔག་གང་འདྲ་ཡིན་ནམ།

ས་ཁང་ཞིབ་འཇུག་འགན་འཛིན་ Lawless ལའོ་ལི་སི་ཡིས་སྤྱིར་ཡོངས་ན་ནིང་རྒྱལ་ཡོངས་སུ་ས་ཁང་གི་ཁྲོམ་ར་རིན་གོང་མར་ཆགས་ཡོད་པ་དང་། དེ་སྔོན་ཕྱི་ཟླ་ ༥ པའི་ནང་ས་ཁང་གི་རིན་གོང་ལོ་དེའི་འཕར་ཚད་མཐོ་ཤོས་སུ་སླེབས་ནས་སྐབས་དེར་བརྒྱ་ཆ་ ༡་༣ ཡར་འཕར་བ་དང་། སླར་ཡང་ཕྱི་ཟླ་ ༦ པ་དང་ ༡༡ སོ་སོར་ཏོག་ཙམ་རེར་ཡར་འཕར་ཡོད། དེ་དང་ཆབས་ཅིག་བཟའ་བཅའ་སོགས་འཚོ་བའི་རྒྱུན་གྲོན་གྱི་རིན་གོང་མཐོ་རུ་ཕྱིན་བཞིན་པ་དང་། ས་ཁང་ཉོ་མཁན་ཇེ་ཉུང་དུ་ཕྱིན་པ་སོགས་གནས་སྟངས་མང་པོ་ཞིག་གིས་འདི་ལོའི་ལོ་ཕྱེད་ཀ་གཉིས་པའི་ནང་གོང་ཚད་མར་ཆགས་སྲིད་སྐོར་བརྗོད་འདུག

གཞན་ཡང་ AMP ཞེས་ཨོ་སི་ཊོ་ལི་ཡའི་དཔལ་འབྱོར་ཞབས་ཞུ་ཚོང་ལས་ཁང་གི་འགན་འཛིན་དཔལ་འབྱོར་རིག་པ་བ་ཤེན་ཨོ་ལི་ཝར་ Shane Oliver ལགས་ཀྱིས་འདིར་ལོར་ས་ཁང་གི་ཁྲོམ་རར་ཉེན་ཁར་ཆགས་ཡོད་པ་དང་། ས་ཁང་གི་རིན་གོང་འཕར་ཚད་དལ་དུ་འགྲོ་རྒྱུའི་འགོ་བཙུགས་ཚར་སྐོར་བརྗོད་འདུག

ད་ལྟའི་ཆར་སྡོད་ཁང་གང་ལེགས་མཁོ་སྤྲོད་བྱ་རྒྱུ་ཁག་པོ་ཆགས་པ་ནི་ཁང་པའི་རིན་གོང་གང་མཐོར་བྱེད་ནས་འཚོང་ཚད་དམའ་རུ་འགྲོ་བའི་རྟགས་མཚན་ཞིག་དང་། ཕྱོགས་གཞན་ཞིག་ནི་དངུལ་ཁང་ནས་གཡར་བའི་ས་ཁང་གི་བུན་ལོན་གྱི་སྐྱེད་ཀ་མཐོ་དྲག་པ་དང་། རྒྱུན་གྲོན་འཚོ་བའི་འགྲོ་སོང་ཡང་ཇེ་ཆེར་སོང་བ་བཅས་ལ་འབྲེལ་བ་ཆེན་པོ་ཆགས་ཡོད། རྒྱུན་མཚན་དེ་དག་གིས་རྐྱེན་པས་དཔལ་འབྱོར་ཆེད་མཁས་པ་ཚོས་ཕྱི་ལོ་ ༢༠༢༤ ལོར་ཨོ་སི་ཊོ་ལ་ིཡའི་ས་གནས་གང་སར་ས་ཁང་གི་རིན་གོང་བརྒྱ་ཆ་ ༣ ནས་ ༥ བར་མར་ཆགས་སྲིད་སྐོར་བརྗོད་འདུག

འདི་ལོའི་ལོ་དཀྱིལ་བར་ས་ཁང་གི་རིན་གོང་མར་ཆག་རྒྱུ་ཡིན་ཡང་ ༢༠༢༤ ལོ་མཇུག་ནས་རིན་གོང་སླར་ཡང་འཕར་རྒྱུ་ཡིན་ཞིང་། དེའི་རྒྱུ་མཚན་ནི་ཕྱི་ལོ་ ༢༠༢༤ ལོ་མཇུག་ནས་དབུས་དངུལ་ཁང་གི་སྐྱེད་ཀ་སྤར་རྒྱུ་མཚམས་འཇོག་བྱེད་སྲིད་པའི་སྔོན་དཔག་བྱེད་ཀྱི་ཡོད་པ་རེད།

Share
Published 5 January 2024 6:53pm
Updated 5 January 2024 7:02pm
Source: SBS

Share this with family and friends