ཨོ་སི་ཊོ་ལི་ཡས་གློག་རྡུལ་ཐ་མག་ Vape བཀག་སྡོམ་བྱ་རྒྱུ་ཡིན་སྐོར་བརྗོད་འདུག

ཁ་སང་ཕྱི་ཚེས་ ༢༨ རེས་གཟའ་མིག་དམར་ཉིན་ཨོ་སི་ཊོ་ལི་ཡའི་འཕྲོད་བསྟེན་ལྷན་ཁང་གིས་མི་ཚོས་ཐ་མག་གི་ཚབ་ཏུ་ཤུགས་ཆེ་སྤྱོད་བཞིན་པའི་གློག་རྡུལ་ཐ་མག་ Vapes རིགས་རིང་མིན་བཀག་སྡོམ་བྱ་རྒྱུ་ཡིན་སྐོར་གསལ་བསྒྲགས་སྤེལ་འདུག

Electronic Cigarettes will be banned in public places in NSW.

silhouette of a person vaping electric cigarette, close up. (Marccophoto) Credit: Marccophoto

ཐག་གཅོད་ཀྱི་གོམ་པ་དང་པོ་དེ་བཞིན་ཕྱི་ལོ་ ༢༠༢༤ ཟླ་ ༡ ཚེས་ ༡ ཉིན་ལག་བསྟར་གྱིས་ཐེངས་གཅིག་རང་སྤྱད་ནས་གཡུག་བཞིན་པའི་གློག་རྡུལ་ཐ་མག་དེ་རིགས་ཕྱི་རྒྱལ་ནས་ནང་འདྲེན་བཀག་བསྡོམས་བྱ་རྒྱུ་དང་། བསྒྱུར་བཅོས་འདིས་ཨོ་སི་ཊོ་ལི་ཡའི་མི་ཚང་མའི་འཕྲོད་བསྟེན་སྲུང་སྐྱོབ་ཆགས་ཀྱི་ཡོད་པས་མ་ཚད། ལྷག་པར་དུ་གཞོན་སྐྱེས་རྣམས་གློག་རྡུལ་ཐ་མག་གི་ངན་གོམས་མི་འགྲོ་བར་ཕན་ཐོགས་ཆེན་པོ་ཡོད་སྐོར་བརྗོད་འདུག

ཕྱི་ཟླ་ ༡ ཚེས་ ༡ ནས་བཟུང་སྟེ་མི་མང་སྤྱི་ཡོངས་ནས་གློག་རྡུལ་དེ་རིགས་རང་དགར་གྱིས་སྤྱད་ན་ཁྲིམས་འགལ་ཆགས་ཀྱི་ཡོད་ཀྱང་། ཁག་ཅིག་འཕྲོད་བསྟེན་བདེ་ཐང་དང་འབྲེལ་བ་ཆགས་བསྡད་ཡོད་པའི་རིགས་ལ་སྨན་པ་དང་། སྨན་ཞབས་པས་ངོས་སྦྱོར་ཡི་གེ་ཡོད་ཚེ་སྨན་རྫས་ཆེད་ཚོང་ཁང་ཁག་གི་ནང་ནས་ཉོས་རྗེས་སྤྱོད་ཆོག་གི་ཡོད་འདུག

ཕྱི་ལོ་ ༢༠༢༤ ཟླ་ ༣ ཚེས་ ༡ ནས་བཟུང་སྟེ། མི་སྒེར་གྱིས་གློག་རྡུལ་དུ་བ་རིགས་ནང་འདྲེན་མཚམས་འཇོག་དང་། སྨན་བཅོས་རང་བཞིན་མིན་པའི་གློག་རྡུལ་དུ་བ་རིགས་ནང་འདྲེན་བཀག་འགོག སྨན་བཅོས་དང་འབྲེལ་བ་ཡོད་པའི་གློག་རྡུལ་ཐ་མག་དེ་རིགས་ནང་འབྲེལ་བྱེད་མཁན་ཚོས་ཨོ་སི་ཊོ་ལི་ཡའི་སྨན་བཅོས་དངོས་ཟོག་དོ་དམ་ལྷན་ཁང་ལ་དངོས་ཟོག་དེ་དག་ཐོན་རྫས་ཚད་ལྡན་ཡིན་པའི་ཁུངས་སྐྱེལ་དགོས་རྒྱུ། ཅ་དངོས་དེ་རིགས་ནང་འདྲེན་མ་བྱས་གོང་ཨོ་སི་ཊོ་ལི་ཡའི་སྨྱོས་རྫས་བཀག་འགོག་ལས་ཁུངས་ནས་ཆོག་མཆན་དང་ལག་འཁྱེར་དགོས་རྒྱུ་སོགས་རིམ་བཞིན་ལག་བསྟར་བྱ་འཆར་ཡོད་འདུག

ཨོ་སི་ཊོ་ལི་ཡ་འཕྲོད་བསྟེན་ལྷན་ཁང་གིས་གློག་རྡུལ་ཐ་མག་དེ་རིགས་ཀྱིས་ཨོ་སི་ཊོ་ལི་ཡའི་མི་རྣམས་ལ་ང་ཚོས་ཤེས་པ་དང་མ་ཤེས་པའི་ཐོག་ནས་ཉེན་འཚབ་སྣ་ཚོགས་ཤིག་ཡོང་གི་ཡོད་པ་དང་། ལྷག་པར་དུ་གཞོན་སྐྱེས་ཚོའི་ཁྲོད་གློག་རྡུལ་ཐ་མག་དེ་རིགས་ངན་གོམས་ཤུགས་ཆེར་འགྲོ་བཞིན་ཡོད་སྐོར་བརྗོད་འདུག

འཕྲོད་བསྟེན་ལྷན་ཁང་གིས་གནད་དོན་འདི་ནི་མི་མང་གི་འཕྲོད་བསྟེན་བདེ་ཐང་དང་ཐད་ཀར་འབྲེལ་བ་ཆགས་ཡོད་པས། གཞོན་སྐྱེས་ཚོའི་ཁྲོད་གློག་རྡུལ་ཐ་མག་བཀག་འགོག་གི་ལས་དོན་ལ་ཚང་མས་མཉམ་རུབ་དགོས་པའི་འབོད་སྐུལ་གནང་འདུག

ཉེ་ཆར་གྱི་སྙན་ཐོར་ལྟར་ན་ཕྱི་ལོ་ ༢༠༢༣ གྱི་ལོ་འགོར་དུས་ཡུན་ཟླ་བ་ ༣ ཙམ་གྱི་ནང་ལོ་ན་ ༡༤ ནས་ ༡༧ བར་གྱི་ཆ་སྙོམ་གཞོན་སྐྱེས་ ༧ རེའི་ནང་གཞོན་སྐྱེས་ ༡ རེ་དང་། ལོ་ན་ ༡༨ ནས་ ༢༤ བར་གྱི་གཞོན་སྐྱེས་ ༥ རེའི་ནང་ ༡ རེ་གློག་རྡུལ་ཐ་མག་འཐེན་མཁན་ཡིན་སྐོར་གསལ་འདུག

ཨོ་སི་ཊོ་ལི་ཡ་གཞུང་གིས་ལས་དོན་འདི་ལག་བསྟར་ཆེད་མ་འོངས་ལོ་གཉིས་རིང་མཐའ་མཚམས་འགོག་སྲུང་དམག་མིར་ཨོ་སྒོར་ས་ཡ་ ༢༥ དང་། ཨོ་སི་ཊོ་ལི་ཡའི་སྨན་བཅོས་དངོས་ཟོག་དོ་དམ་ལྷན་ཁང་ལ་ཨོ་སྒོར་ས་ཡ་ ༥༦་༩ འགྲོ་གྲོན་གཏང་རྒྱུ་ཡིན་འདུག དེ་དང་ཆབས་ཅིག་ཕྱི་ལོ་ ༢༠༢༣ དང་ ༢༠༢༤ ཡི་དངུལ་རྩིས་ནང་ཨོ་སི་ཊོ་ལི་ཡ་གཞུང་གིས་ཐ་མག་སྤོངས་ཐབས་དང་བཀག་འགོག་ཚོགས་པ་སོགས་ཞབས་ཞུའི་རིགས་ཀྱི་སྡེ་ཚན་ཁག་ལ་ཨོ་སྒོར་ས་ཡ་ ༢༩་༥ མཐུན་འགྱུར་བསྐྲུན་རྒྱུ་ཡིན་སྐོར་བརྗོད་འདུག

དེ་སྔོན་ཨ་རིའི་ཇོན་སི་ཧོ་ཕི་ཀིན་གཙུག་ལག་སློབ་གཉེར་ཁང་ Johns Hopkins University གིས་གློག་རྡུལ་དུ་བ་དེར་ཞིབ་འཇུག་བྱས་སྐབས། གློག་རྡུལ་དུ་བ་དེས་དབུག་འཚང་བ་དང་གློ་བར་གནོད་བཞིན་ཡོད་པའི་ཤེས་རྟོགས་བྱུང་བ་དང་། མ་ཚད་ཨ་རིའི་སྙིང་རྩ་མཐུན་ཚོགས་ཀྱིས་ཀྱང་གློག་རྡུལ་གྱི་ཐ་མག་འདི་རིགས་ཀྱིས་སྙིང་རྩ་ལའང་ཚབས་ཆེན་གནོད་བཞིན་ཡོད་སྐོར་བརྗོད་ཡོད། ཆེད་མཁས་མི་སྣ་ཚོས་ད་དུང་གློག་རྡུལ་ཐ་མག་འདི་རིགས་ཀྱིས་དུས་ཡུན་རིང་པོའི་འཕྲོད་བསྟེན་ལ་གནོད་འཚེ་ག་ཚོད་ཐེབས་ཀྱི་ཡོད་མེད་ཚོད་དཔག་མི་ཐུབ་ཅེས་སྐོར་བརྗོད་ཡོད།   ཕྱི་ལོ་ ༢༠༢༠ ལོར་ཨ་རིའི་འཕྲོད་བསྟེན་མི་སྣས་གློག་རྡུལ་ཐ་མག་གིས་རྐྱེན་པས་ཁྱོན་མི་གྲངས་ ༢༨༠༠ ཙམ་ལ་གློ་བར་ན་ཚ་བཟོས་ཡོད་པ་དང་། དེའི་ནང་མི་གྲངས་ ༦༨ འདས་གྲོངས་སུ་ཕྱིན་ཡོད་པའི་ངོས་འཛིན་བྱུང་ཡོད་འདུག

Share
Published 29 November 2023 7:31pm
Updated 29 November 2023 7:36pm
By Sangyal Dorjee
Source: SBS

Share this with family and friends